Thursday, 1 February 2018

མདུན་ངོས།

                    
             ལྷ་རམས་པ་དགེ་འདུན་མཐར་ཕྱིན་གྱི་བོད་ཡིག་དྲ་རྒྱའི་མདུན་ངོས།




དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཟིན་བླ་མའི་གསུང་འགྲོས་ལྟར་བཀོད་པ་བྱིན་རླབས་ཀྱི་འཇུག་སྒོ་ཞེས་བྱ་བ།

          


དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཟིན་བླ་མའི་གསུང་འགྲོས་ལྟར་བཀོད་པ་བྱིན་རླབས་ཀྱི་འཇུག་སྒོ་ཞེས་བྱ་བ།

དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཟིན་བླ་མའི་གསུང་འགྲོས་ལྟར་བཀོད་པ་བྱིན་རླབས་ཀྱི་འཇུག་སྒོ་ཞེས་བྱ་བ། རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པ་གཅིག་བསྡུས་ངོ་བོ་རིགས་གསུམ་མགོན།། བསམ་བཞིན་མི་ཡི་གར་དུ་རོལ་བ་མཉམ་མེད་ཀུན་མཁྱེན་ཙོང་ཁ་བ།། ད་ལྟའི་དུས་སུ་བཀའ་དྲིན་མཚུངས་མེད་བློ་བཟང་ཆོས་ཀྱི་གྲགས་པའི་ཞབས།། རྣམ་གསུམ་དབྱེར་མེད་གུས་པས་བཏུད་ཏེ་བླ་མའི་གདམས་ངག་གསུང་བཞིན་བྲི།། གསང་བདག་ཕྱག་ན་རྡོ་རྗེ་ཡིས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ཚང་ལ་བླ་མ་ལ་མོས་གུས་མ་ཐོབ་པར་ཡི་དམ་ལྷ་ཡི་ཞལ་མཐོང་ཟེར་བ་དང་རྒྱུད་ལ་ཉམས་རྟོགས་བཟང་བོ་སྐྱེས་ཟེར་བ་རྫུན་ཡིན་གསུངས། དེས་གང་ཟག་རང་ཉིད་ཀྱིས་ཐོས་བསམ་སྒོམ་སྒྲུབ་གང་བྱས་རྣལ་དུ་འགྲོ་བ་ལ་བླ་མའི་རྣལ་འབྱོར་འདི་གལ་ཆེ་བ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་གང་སྒྲུབ་པ་ལ་བླ་མ་གལ་ཆེ་བ། ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བླ་མ་ཉིད་ཡིན་པ་བསྟན་ཡོད། ཡབ་རྗེ་བླ་མས་ཀྱང། རི་མཐོན་པོར་གནས་པའི་སྒོམ་ཆེན་ཀུན།། དུས་ཐོག་མར་བླ་མའི་རྣལ་འབྱོར་ལ།། ཆོས་དགེ་སྦྱོར་གྱི་སུམ་གཉིས་བྱེད་པ་དེ།། ཁོང་དམ་པ་སྔ་མའི་ཕྱག་སྲོལ་ཡིན།། ཞེས་རི་མཐོན་པོར་གནས་པའི་སྒོམ་ཆེན་ཞིག་ཡིན་ནའང་དུས་ཐོག་མ་ནས་རང་གི་དགེ་སྦྱོར་གྱི་སུམ་ཆའི་གཉིས་བླ་མའི་རྣལ་འབྱོར་གྱི་སྟེང་དུ་དྲིལ་ནས་ཉམས་ལེན་བྱེད་པ་འདི་སྔོན་བྱོན་དམ་པ་གོང་མ་རྣམས་ཀྱི་ཕྱག་སྲོལ་བཟང་བོ་ཡིན་ཟེར་བ་རེད། དེའི་ཕྱིར་བླ་མའི་རྣལ་འབྱོར་འདི་ཧ་ཅང་གལ་ཆེ་བ་ཡིན། བླ་མ་མཆོད་པ་ཟེར་བ་དང་བླ་མའི་རྣལ་འབྱོར་ཟེར་བ་འདི་གཉིས་དོན་ཕལ་ཆེར་འདྲ་ཞེས་གུང་ཐང་བསྟན་པའི་སྒྲོན་མེ་ཚང་གིས་དེ་ལྟར་གསུངས། བླ་མའི་རྣལ་འབྱོར་ཞེས་པ་བླ་མ་ལ་དད་གུས་རྩེ་གཅིག་གི་སྟེང་ནས་ལུས་ཀྱིས་བསྙེན་བཀུར་བྱེད་པ། ངག་གིས་ཡོན་ཏན་བརྗོད་པ། ཡིད་ཀྱིས་བཀའ་དྲིན་དྲན་པ། དེ་འདྲའི་སྟེང་ནས་བླ་མས་ཅི་གསུང་བཀའ་བཞིན་སྒྲུབ་པ་དེ་མཆོད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་བ་ཡིན་པས་དེ་ལྟར་ཉམས་ལེན་བྱས་པ་ལ་བླ་མའི་རྣལ་འབྱོར་ཉམས་སུ་བླངས་ཟེར་བ་ཡིན། འདི་ལ་རང་ཅག་གིས་བླ་མ་མཆོད་པ་ཟེར་ལ་བླ་མའི་རྣལ་འབྱོར་ཡང་ཟེར། བཀའ་བརྒྱུད་པ་རྣམས་ཀྱིས་བླ་སྒྲུབ་ཅེས་ཐ་སྙད་བཏགས་ཡོད་པ་དང་། རྙིང་མ་བ་རྣམས་ཀྱིས་རིག་འཛིན་གདུང་སྒྲུབ་ཅེས་མིང་བཏགས་པ་སོགས་མིང་འདོགས་ཚུལ་མི་འདྲ་བ་མ་གཏོགས་ཡིན་རྒྱུ་ནི་བླ་མ་མཆོད་པ་ཟེར་བ་འདི་དང་འདྲ། དེ་འདྲའི་བླ་མའི་རྣལ་འབྱོར་འདི་གལ་ཆེ་བ་ཡིན་པས་ཐོག་མར་ཤེས་དགོས་པ་ཞིག་ཡིན། དེས་ན་བླ་མའི་རྣལ་འབྱོར་འདི་ལ་དབེན་ས་སྙན་བརྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དང་། སྲད་བརྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་གཉིས་ཡོད་པས་དེ་དག་གི་ལོ་རྒྱུས་བརྒྱུད་རིམ་ཆོས་ཀྱི་ཆེ་བ་སོགས་ཁྲིད་ཡིག་རྒྱས་པ་དག་ལས་ཤེས་པར་བྱེད་དགོས། དེས་ན་དབེན་ས་སྙན་བརྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ངོ་གདོང་གི་དོན་མདོར་བསྡུས་ཤིག་འཆད་པ་ལ། རང་གི་རྩ་བའི་བླ་མ་དང་རྗེ་བཙུན་ཙོང་ཁ་བ་ཆེན་པོ་དབྱེར་མེད་པའི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་ནས་ཉམས་སུ་ལེན་པའི་རིམ་པ་དེ་བཤད་བྱ་རེད། དེ་ལ་སྦྱོར་བའི་ཆོ་ག དངོས་གཞིའི་ཆོ་ག མཇུག་གི་ཆོ་ག་དང་རིམ་པ་གསུམ་ཡོད། སྦྱོར་བའི་སྐབས་ནས་བླ་མ་གསེར་གླིང་བའི་རྣམ་ཐར་ལྟར་གནས་ཁང་བྱི་དོར་བྱས་ཏེ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ། མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས་པ། བདེ་བའི་སྟན་ལ་ཚུལ་དང་མཐུན་པའི་སྤྱོད་ལམ་གྱིས་འཁོད་དེ་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་དང་གསུམ་པོ་དེ་འདིའི་སྦྱོར་བའི་རིམ་པ་རེད། གནས་ཁང་བྱི་དོར་བྱེད་པ་འདི་ཡང་དགོས་པ་རྒྱ་ཆེ་བ་ཡིན་ཏེ། ཚོགས་ཞིང་ལ་བསྙེན་བཀུར་བྱ་བའི་ཆེད་དང་མ་འོངས་པ་ན་རང་ཉིད་གང་དུ་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་སྦྱོང་བའི་དགོས་པ་ཡོད་པ་ཡིན། དེས་ན་གནས་ཁང་བྱི་དོར་གཙང་མ་ཞིག་བྱས་ཏེ་རྗེ་ཡབ་སྲས་ཀྱི་སྐུ་བརྙན་གཙོ་བོར་གྱུར་བའི་སྐུ་གསུང་ཐུགས་ཀྱི་རྟེན་གོ་རིམ་མ་ནོར་བའི་སྟེང་ནས་བཤམས། དེའི་མདུན་དུ་མཆོད་པ་གཡོ་མེད་པ་སྟེ་རྒྱུའི་གཡོ་ཚུལ་འཆོས་སོགས་ལོག་འཚོའི་སྟེང་ནས་སྒྲུབ་པའི་མཆོད་རྫས་སོགས་འབུལ་བ་དང་། ཀུན་སློང་གི་གཡོ་ཚེ་འདིའི་རྙེད་པ་དང་བཀུར་སྟི་ལ་རེ་བའི་བསམ་པ་དང་ཀུན་སློང་གི་སྟེང་ནས་མཆོད་པ་མཛེས་མཛེས་སོགས་བཤམས་པ། དེ་འདྲའི་རྒྱུའི་གཡོ་དང་ཀུན་སློང་གི་གཡོ་ཅན་དུ་མ་སོང་བའི་སྒོ་ནས་རང་ལ་ཅི་འཛོམས་ན་འཛོམས་ཚོད་ཙམ་གྱི་མཆོད་པ་མཛེས་པར་བཤམས། བཤམས་པའི་ཚེ་ཡང་ཏིང་ཕོར་རྣམས་གཙང་མ་ཞིག་ཕྱིས་སྟེ་དེའི་ནང་དུ་ཆུ་ནས་འབྲུའི་ཚད་ཙམ་གྱིས་མ་གང་བ། ཧ་ཅང་ཉུང་ན་ལོངས་སྤྱོད་ཉམས་པའི་རྟེན་འབྲེལ་དང་། ཁ་ནས་འབོ་བ་ལྟ་བུ་བྱས་ན་ཚུལ་ཁྲིམས་འཆལ་བའི་རྟེན་འབྲེལ་མི་འགྲིག་པ་དེ་འདྲ་ཡོང་ཟེར་བ་ཡིན། ཡང་མཆོད་པའི་བར་ཐག་ཧ་ཅང་བཀྱེད་ན་བླ་མ་དང་འབྲལ་བའི་རྟེན་འབྲེལ་དང་། ཕན་ཚུན་གཏུགས་དྲག་ན་དབང་བོ་རྟུལ་བོར་འགྱུར་བའི་རྟེན་འབྲེལ་མི་འགྲིག་པ་ཡོང་ཟེར་བ་ཡིན། དེ་ནས་བདེ་བའི་སྟན་ལ་ཚུལ་མཐུན་གྱི་སྤྱོད་ལམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་སྟེ། རྒྱབ་ཅུང་ཟད་མཐོ་བའི་བདེ་བའི་སྟན་གྱི་སྟེང་དུ་ཚུལ་མཐུན་གྱི་སྤྱོད་ལམ་སངས་རྒྱས་རྣམ་པར་སྣང་མཛད་བཞུགས་སྟངས་ལྟ་བུའི་ངང་ནས་སྐྱབས་ཡུལ་གསལ་བཏབ། དོན་ཡིད་ལ་དྲན་བཞིན་པའི་སྒོ་ནས་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་ཚིག་བརྗོད་པ་ལྟ་བུའི་སྟེང་ནས་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་རིམ་པ་དེ་སོང་། སེམས་བསྐྱེད་ཀྱི་ནུས་པ་གོང་ནས་གོང་དུ་འཕེལ་བ་དང་གེགས་སེལ་དང་བོགས་འདོན་གྱི་ཆེད་དུ་ཚད་མེད་བཞི་བསྒོམས། སྤྱིར་བཏང་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་བྱམས་པ་ཚད་མེད་དེ་མགོ་ན་ཡོད་ཀྱང་ལག་ལེན་གྱི་སྟེང་ནས་བཏང་སྙོམས་ཚད་མེད་དེ་སྔོན་དུ་ཡོད་པ་དེ་འདྲའི་སྟེང་ནས་འགྲོ་དགོས། ཐོག་མར་སྐྱབས་འགྲོ་དང་སེམས་བསྐྱེད་འདི་ལ་ནན་ཏན་བྱེད་དགོས་པའི་རྒྱུ་མཚན་ནི། སྐྱབས་འགྲོས་མ་ཟིན་ན་རང་གིས་ཆོས་གང་དང་གང་ཞིག་བྱས་ནའང་ནང་བ་སངས་རྒྱས་པའི་ཆོས་སུ་མི་འགྲོ་བ་དང་། སེམས་བསྐྱེད་ཀྱིས་མ་ཟིན་ན་ཐེག་པ་ཆེན་པོའི་ཆོས་སུ་མི་འགྲོ་བ་དེ་འདྲའི་སྟེང་ནས་རྒྱུ་མཚན་ཤེས་པར་བྱས་ནས་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་སོང་། དེ་ནས་དངོས་གཞིའི་སྐབས་ལ་ཡང་ཚོགས་ཞིང་གསལ་འདེབས་པ། བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་འབུལ་བ། མཎྜལ་འབུལ་ཞིང་རང་གི་འདོད་དོན་ལ་གསོལ་བ་བཏབ་ནས་བྱིན་རླབས་ཞུ་བ་དང་གསུམ་ཡོད། དང་པོ་ཚོགས་ཞིང་གསལ་འདེབས་ཀྱི་སྐབས་སུ་སྤྱིར་སྤྱན་འདྲེན་ཚུལ་ལ་རང་བཞིན་གྱི་གནས་ནས་སྤྱན་འདྲེན་ཚུལ་དང་རང་རང་གང་དུ་བཞུགས་པའི་གནས་ནས་སྤྱན་འདྲེན་ཚུལ་སོགས་མང་པོ་ཡོད། རང་བཞིན་གྱི་གནས་ནས་སྤྱན་འདྲེན་པ་ལ་ཡང་ལོངས་སྐུའི་གནས་ནས་སྤྱན་འདྲེན་པ་དང་ཆོས་སྐུའི་གནས་ནས་སྤྱན་འདྲེན་པ་གཉིས་ཡོད། སྐབས་འདི་ན་དེ་ལྟ་མ་ཡིན་པར་རྗེ་བཙུན་བྱམས་མགོན་གྱི་ཐུགས་ཀ་ནས་རྗེ་ཡབ་སྲས་གསུམ་སྤྱན་འདྲེན་པ་ཡིན། དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས།། རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར།། ཆོས་ཀྱི་རྒྱལ་བོ་ཀུན་མཁྱེན་བློ་བཟང་གྲགས།། སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ།། ཞེས་དགའ་ལྡན་ལྷ་བརྒྱའི་མགོན་ཞེས་པའི་སྐབས་སུ་རྗེ་བཙུན་བྱམས་པའི་ཐུགས་ཀ་གསེར་གྱི་གཏན་པ་ཕྱིས་པ་ལྟ་བུ་ལ་དཔལ་བེའུ་དྲ་མིག་ཁྲ་སེང་ངེ་བའི་དབུས་སུ་རྗེ་ཡབ་སྲས་གསུམ་བཞུགས་པ་རང་གིས་མངོན་སུམ་དུ་མཐོང་བ་ལྟ་བུའི་མོས་པ་བྱས། དེ་ལྟར་ཚིག་རིས་བརྗོད་པའི་སྒོ་ནས་དར་དཀར་བརྐྱངས་པ་ལྟ་བུའི་སྤྲིན་འབུར་བོ་གསུམ་གྱི་དབུས་མ་དེ་ཅུང་ཟད་མཐོན་པོར་བྱས་ལ་གཡས་གཡོན་གྱི་སྤྲིན་གཉིས་ཅུང་དམའ་བར་བྱས་པའི་སྟེང་ནས་རྗེ་ཡབ་སྲས་གསུམ་སྤྱན་འདྲེན་པ་ཡིན། དེ་ལྟར་སྤྱན་འདྲེན་པའི་དུས་ལ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་བསྟན་སྲུང་ཡེ་ཤེས་པའི་ཚོགས་ཐམས་ཅད་དགའ་ལྡན་ནས་སྤྱན་འདྲེན་རྒྱུ་ཞིག་དང་། ཡང་རྗེའི་ཐུགས་ཀ་ནས་སྐྱབས་ཡུལ་ཚོགས་ཞིང་དེ་དག་སྤྲོས་ནས་སྤྱན་འདྲེན་རྒྱུ་ཞིག ཡང་རྗེ་ཡབ་སྲས་གསུམ་བླ་མ་ཀུན་འདུས། ཡི་དམ་ཀུན་འདུས། སངས་རྒྱས་ཀུན་འདུས། དམ་ཆོས་ཀུན་འདུས། དགེ་འདུན་ཀུན་འདུས། མཁའ་འགྲོ་ཀུན་འདུས། ཆོས་སྐྱོང་ཀུན་འདུས་སོགས་ཀུན་འདུས་ནོར་བུའི་ལུགས་ཀྱིས་སྤྱན་འདྲེན་པ་སོགས་སྤྱན་འདྲེན་ལུགས་མི་འདྲ་བ་དུ་མ་གསུངས་ཡོད་པ་རེད། འདི་ནས་རྗེ་ཡབ་སྲས་གསུམ་པོ་སྐྱབས་གནས་ཀུན་འདུས་ཀྱི་མོས་པ་བྱས་ནས་སྤྱན་འདྲེན་པ་ཡིན། སྤྱིར་བླ་མ་སྒོམ་པའི་གནས་དེ་ལ་རང་གི་ཚོགས་བསགས་ཀྱི་ཆེད་དུ་ཡིན་ན་བླ་མ་མདུན་གྱི་ནམ་མཁར་སྒོམ་པ་དང་། གསོལ་བ་འདེབས་པ་ལྟ་བུའི་སྐབས་ཡིན་ན་བླ་མ་སྤྱི་གཙུག་ཏུ་སྒོམ་པ་དང་། དུས་རྟག་ཏུ་བླ་མ་སྙིང་གར་སྒོམ་པ་སོགས་སྒོམ་པའི་གནས་མི་འདྲ་བ་དེ་ལྟར་དུ་ཡོད། འདི་ནས་ཡན་ལག་བདུན་པ་བྱ་བ་སོགས་ཚོགས་བསགས་སྒྲིབ་སྦྱོང་གི་ཞིང་དུ་སྤྱན་འདྲེན་པ་ཡིན་པས་གཞི་རང་གི་སྨིན་མཚམས་ཀྱི་ཐད་དྲང་གི་ནམ་མཁའ་དེ་ལ་རྗེ་བཙུན་བྱམས་མགོན་གྱི་ཐུགས་ཀ་ནས་ཀུན་འདུས་ནོར་བུའི་ལུགས་ཀྱི་དབང་དུ་བྱས་ནས་སྤྱན་འདྲེན་པ་ཡིན། སྔགས་དང་འབྲེལ་ནས་སོང་ན་མདུན་གྱི་ནམ་མཁར་དམ་ཚིག་པ་མང་བོ་བསྐྱེད། དགའ་ལྡན་གྱི་གནས་ནས་ཡེ་ཤེས་པའི་ཚོགས་མང་བོ་སྤྱན་དྲངས་ཏེ་མདུན་གྱི་དམ་ཚིག་པ་ལ་བསྟིམ་པའི་རིམ་པ་དེ་འདྲ་ཡོད། དེ་ནས་བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་བྱ་བ་ནི། ཚོགས་བསགས་སྒྲིབ་སྦྱོང་གི་གནད་བསྡུས་པ་ཞེས་པ་སྟེ་རྗེ་རིན་པོ་ཆེས་འདི་ལྟར་གསུངས་པ་ཡིན། ཚོགས་བསགས་སྒྲིབ་སྦྱོང་གི་ལྷན་ཅིག་བྱེད་རྐྱེན་དེ་མེད་ན་ཉེར་ལེན་གྱི་རྒྱུ་དམིགས་རྣམ་ལ་བློ་སྦྱངས་པ་ཁོ་ནའི་སྟེང་ནས་ལམ་ཤིན་ཏུ་སྐྱེ་དཀའ་གསུངས་པ་རེད། ལམ་གྱི་དམིགས་རྣམ་ལ་བློ་སྦྱོང་བ་ནི་དཔེར་ན་ས་བོན་ལྟ་བུ་དང་ཚོགས་བསགས་སྒྲིབ་སྦྱོང་ནི་ཆུ་ལུད་དྲོད་གསུམ་གྱི་ལྷན་ཅིག་བྱེད་རྐྱེན་ལྟ་བུ་རེད། དེ་འདྲའི་ལྷན་ཅིག་བྱེད་རྐྱེན་དེ་ཚང་བའི་སྒོ་ནས་ཉམས་རྟོགས་དང་ས་ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེ་བའི་སྣོད་རུང་དུ་མ་སོང་ན་ལམ་གང་དང་གང་ཡིན་ནའང་རྒྱུད་ལ་སྐྱེ་ཐུབ་པ་མིན། དཔེར་ན་རང་གི་ཤེས་རྒྱུད་སྡིག་སྒྲིབ་དང་ལྟུང་བས་མ་རུངས་པར་སོང་བ་ཡིན་ན་ལམ་གྱི་ཡོན་ཏན་སོགས་རྒྱུད་ལ་སྐྱེ་ས་མི་འགྲོ་ལ་བླ་མའི་བྱིན་རླབས་ཀྱང་ཞུགས་རྒྱུ་མེད། རྒྱུད་ལ་ལྟུང་བ་ལྟ་བུ་བྱུང་ན་ལས་དང་ལམ་ལ་སྒྲིབ་པ་དེ་ལྟུང་བའི་དགག་བྱ་ཡིན་པས་འདུལ་བ་ལྟར་གྱི་ལས་བྱས་ནའང་ལས་མི་ཆགས་པ་དང་ལམ་རྒྱུད་ལ་སྐྱེ་བ་ལའང་གེགས་བྱེད་པ་ཡིན། དེས་ན་ལམ་རྒྱུད་ལ་སྐྱེ་བའི་སྣོད་རུང་ཞིག་ཏུ་གཏོང་དགོས་པས་ཚོགས་བསགས་སྒྲིབ་སྦྱོང་གི་སྟེང་ནས་རང་གི་རྒྱུད་དེ་ཞིང་ས་གཤིན་པོ་ལྟ་བུ་ཞིག་ཏུ་བཏང་བ་ཡིན་ན་དེའི་སྟེང་དུ་ལམ་གྱི་དམིགས་རྣམ་སྐྱོང་བའི་ས་བོན་གང་བཏབ་ཀྱང་དེ་དང་མཐུན་པའི་ཉམས་རྟོགས་ཀྱི་མྱུ་གུ་སྐྱེ་བ་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན། རྒྱུ་མཚན་དེའི་ཕྱིར་ཚོགས་བསགས་སྒྲིབ་སྦྱོང་གི་གནད་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པ་ཡན་ལག་བདུན་པའི་སྟེང་ནས་རང་གི་རྒྱུད་སྣོད་རུང་ཞིག་ཏུ་གཏོང་རྒྱུ་འདི་ཧ་ཅང་གལ་ཆེ་བ་ཡིན། སྤྱིར་ན་ཡན་ལག་བདུན་པའི་གོ་རིམ་དེ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་།། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི།། དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།། ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ།། ཞེས་ཕྱག་འཚལ་བ་དང་པོ་ན་ཡོད་པ་དང་དེ་ནས་མཆོད་པ་སོགས་བསྔོ་བའི་བར་གོ་རིམ་དེ་ལྟར་ཡོད་ནའང་། འདི་ནས་རྟེན་འབྲེལ་གྱི་གནད་ཀྱི་དབང་གིས་སྙན་བརྒྱུད་ཀྱི་མན་ངག་གི་གནད་མི་འདྲ་བ་ཞིག་ཡོད་པས་ཕྱག་འཚལ་བ་དང་པོར་མ་སོང་བར་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་པར་གསོལ་བ་འདེབས་པ་དེ་ཡན་ལག་བདུན་པའི་ནང་གི་རིམ་པ་དང་པོར་བླངས་ཡོད། དེའི་རྒྱུ་མཚན་ཡང་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བླ་མ་ལ་ཐུག་ཡོད་པས་བླ་མ་ནི་ནམ་ཡིན་ཡང་རང་དང་འབྲལ་དུ་མི་རུང་བའི་གལ་བོ་ཆེ་ཡིན་པ་རང་གི་སེམས་གཏིང་ནས་ཤེས་ནས་གདུང་ཤུགས་དྲག་པོའི་སྒོ་ནས་བདག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བདག་གི་མགོན་དང་སྐྱབས་དང་དཔུང་གཉེན་དུ་བརྟན་པར་བཞུགས་སུ་གསོལ་སྙམ་པ་དེ་འདྲའི་བརྟན་བཞུགས་ཀྱི་གསོལ་འདེབས་དེ་རིམ་པ་དང་པོར་བྱས་པ་རེད། འདི་ཡང་སྙན་བརྒྱུད་ཀྱི་མན་ངག་གནད་ཆེ་བ་ཞིག་ཡིན། དེ་བས་རྩ་བ་ན། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་།། རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན།། བདག་བློ་དད་པས་བསོད་ནམས་ཞིང་མཆོག་ཏུ།། བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ།། ཞེས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་མགོ་འདི་ན་འགྲོ་ཀི་ཡོད་པ་ཡིན། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་ཞེས་རང་གི་སྨིན་མཚམས་ཀྱི་ཐད་དྲང་གི་ནམ་མཁའ་ན་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ལ་ཡངས་པ། སེང་གེ་ཆེན་པོ་བརྒྱད་ནི་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་མ་དང་ཐུབ་པའི་དབང་བོ་དེ་ལ་བསྙེན་བཀུར་བའི་ཕྱིར་དུ་སེང་གེའི་གཟུགས་སུ་སྤྲུལ་ནས་ཁྲི་ཡར་བཀྱགས་པ་རེད། པདྨ་ཟླ་བ་ཉི་མའི་དཀྱིལ་འཁོར་གྱི་གདན་སུམ་བརྩེགས་སྟེ། པདྨ་ནི་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པས་ངེས་འབྱུང་གི་བསམ་པ་མཚོན་པ་དང་། ཟླ་བ་ནི་དཀར་བོ་ཡིན་པ་དང་ཚ་གདུང་སེལ་བར་བྱེད་པའི་སྒོ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མཚོན་པ་དང་། ཉི་མ་ནི་མ་སྨིན་པ་སྨིན་པར་བྱེད་པ་དང་གྲང་བ་སེལ་བར་བྱེད་པའི་ཁྱད་ཆོས་ཡོད་པས་ཟབ་མོ་སྟོང་བ་ཉིད་ཀྱི་ལྟ་བ་མཚོན་པ་ཡིན་པས་དེ་འདྲའི་གདན་སུམ་བརྩེགས་ཀྱི་སྟེང་དུ་བཞུགས་པ་དེས་ལམ་གྱི་གཙོ་བོ་གསུམ་ལ་དབང་བསྒྱུར་བ་དེ་མཚོན་པ་ཡིན། དེ་འདྲའི་གདན་སུམ་བརྩེགས་ཀྱི་སྟེང་དུ། རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན་ཞེས་རྗེ་ཐམས་ཅད་མཁྱེན་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་ཅན། ཕྱག་ན་ཨུཏྤལ་ལའི་ཡུ་བ་འཛིན་པ། ཆོས་གོས་ངུར་སྨྲིག་གི་མདོག་ཅན་གསུམ་གསོལ་བ། དེས་ཚུལ་ཁྲིམས་ཀྱི་ཕུང་བོ་ཡོངས་སུ་རྫོགས་པ་མཚོན་པ་ཡིན། དབུ་ཞྭ་སེར་བོ་པཎ་ཞུ་གསེར་གྱི་མདོག་ཅན་ཞེས་པ་དེས་རྗེ་བླ་མའི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་ཡིན་པ། དཔྱད་པ་གསུམ་གྱིས་དག་པ་ཡིན་པ་མཚོན་པ་དང་། དབུ་ཞྭའི་རྩེ་མོ་དགུང་ལ་བསྙེགས་པ་དེས་ལྟ་བའི་ཆ་ནས་ལྟ་བ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པ་མཚོན་པ་ཡིན། དེ་ལྟར་དུ་རྗེ་བླ་མ་ཐུགས་ཧ་ཅང་དགྱེས་པའི་ངང་དུ་བཞུགས་པར་བསམ་ལ། བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ།། བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ།། ཞེས་རང་གི་དད་པའི་ཡུལ་དང་བསོད་ནམས་གསོག་པའི་ཞིང་དམ་པར་བསྐལ་བ་བརྒྱ་ཕྲག་ཏུ་བཞུགས་པར་གསོལ་བ་འདེབས་པ་དང་། ཡང་མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཡུན་ནས་ཡུན་དུ་རྒྱས་པའི་ཕྱིར་དུ་བསྐལ་བ་བརྒྱ་ཕྲག་ཏུ་བརྟན་པར་བཞུགས་པར་གསོལ་བ་འདེབས་པ་འདི་འདྲའི་དགོས་པའི་ཆེད་དུ་མྱ་ངན་ལས་མི་འདའ་བར་བརྟན་བཞུགས་འབུལ་བ་ཡིན། བླ་མའི་ཞབས་བརྟན་སློབ་མའི་ཚེ་སྒྲུབ་ཀྱི་མཆོག་ཏུ་འགྱུར་བ་ཡིན་ཞེས་པ་དམིགས་པ་འདི་འདྲའི་སྟེང་ནས་མྱ་ངན་ལས་མི་འདའ་བར་བརྟན་བཞུགས་བྱས་ན་རང་གི་ཚེ་སྒྲུབ་ཀྱི་ཡང་མཆོག་ཏུ་འགྲོ་ཟེར་བ་ཡིན། དེ་ནས་རིམ་པ་གཉིས་པ་ཕྱག་འཚལ་བ་ནི། ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས།། སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང་།། གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་བའི་སྐུ།། མཐོང་ཐོས་དྲན་པ་དོན་ལྡན་ལ་ཕྱག་འཚལ།། ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས་ཞེས་པ་འདི་བསྔགས་འོས་བསྔགས་བསྟོད་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས།། ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི།། ཁྱོད་ལས་གཞན་པ་ཐམས་ཅད་ཀྱི།། ཤེས་བྱ་ཁོ་ན་ལྷག་པ་ལགས།། ཞེས་གསུངས་པ་ལྟར། རྗེ་རིན་པོ་ཆེའི་མཁྱེན་པས་ཤེས་བྱ་མཐའ་དག་ལ་ཁྱབ་ཡོད་པ་དེ་བསྟན་པ་དང་། འདི་ནས་སྐུ་གསུང་ཐུགས་ཞེས་པའི་གོ་རིམ་དེ་ལྟར་མ་ཡོང་བར་ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས་ཞེས་ཐུགས་ཀྱི་ཡོན་ཏན་དང་པོར་བརྗོད་ནས་དེའི་རྗེས་སུ་གསུང་གི་ཡོན་ཏན་དང་སྐུའི་ཡོན་ཏན་རིམ་པ་བཞིན་བརྗོད་པ་ནི། རྗེ་བཙུན་འཇམ་པའི་དབྱངས་ཀྱི་དབང་དུ་བྱས་ནས་བརྗོད་པ་སྟེ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བྱིན་རླབས་རང་རྒྱུད་ལ་ཞུགས་དགོས་ན་དང་པོར་རང་གི་རྒྱུད་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རྒྱས་སུ་འཇུག་དགོས་ལ། དེའི་སྟོབས་ཀྱིས་ངག་སྒོ་ཡངས་པ་ངག་གི་ཡོན་ཏན་ཡོང་བ་དང་། དེ་འདྲའི་ཐུགས་དང་ངག་གི་ཡོན་ཏན་དེའི་སྟེང་ནས་མཚན་དཔེའི་དཔལ་འབར་བའི་སྐུའི་ཡོན་ཏན་གཟི་བྱིན་རྒྱས་པ་སོགས་ཡོང་བ་ཡིན། རྒྱུད་ལ་ནང་གི་ཡོན་ཏན་ཉམས་རྟོགས་བཟང་བོ་སོགས་འཁྲུངས་ན་སྐུའི་གཟི་མདངས་ཀྱང་ཇེ་གསལ་ཇེ་ཆེར་འགྲོ་བ་རྟེན་འབྲེལ་གྱི་ཆོས་ཉིད་རེད། དེར་མ་ཟད་འཇིགས་བྱེད་ཀྱི་ཉེར་སྤྱོད་ཀྱི་མཆོད་པའི་སྐབས་སུ་དྲི་ཆབ་སྔོན་དུ་འགྲོ་བ་དེ་ཡང་དྲི་ཆབ་འབུལ་སའི་ཡུལ་ནི་ཐུགས་ཡིན་པས་སྔོན་དུ་ཐུགས་ལ་འབུལ་བ་ཐུགས་ཀྱི་བྱིན་རླབས་དང་པོར་འཇུག་པ་དེ་འདྲའི་སྟེང་ནས་ཡོང་བ་ཡིན། སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང་ཞེས་སྐལ་བཟང་རྣ་བའི་རྒྱན་དུ་གྱུར་ཚུལ་ཡང་། བསྟོད་པ་བརྒྱ་ལྔ་བཅུ་བ་ལས། རེ་ཞིག་དང་པོར་ཁྱོད་ཀྱི་གསུང་།། ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད།། དེ་ནས་ཡིད་ལ་བསམ་བགྱིས་ན།། འདོད་ཆགས་གཏི་མུག་རྣམས་ཀྱང་སེལ།། ཞེས་གསུངས་པ་ལྟར་རྗེ་ཐམས་ཅད་མཁྱེན་པའི་གསུང་དེ་ཐོས་པ་ཙམ་གྱིས་ཉན་པ་པོ་རྣམས་ཀྱི་ཡིད་འཕྲོག་པར་མཛད་པ་དང་། དེ་ནས་གསུང་གི་དོན་ཡང་དང་ཡང་དུ་བསམ་པར་བགྱིས་ན་འདོད་ཆགས་སོགས་དུག་གསུམ་ཐམས་ཅད་སེལ་བར་བྱེད་པ་དེ་འདྲའི་སྟེང་ནས་སྐལ་བཟང་སློབ་མ་རྣམས་ཀྱི་རྣ་བའི་རྒྱན་དུ་གྱུར་བའི་ལེགས་བཤད་ཀྱི་གསུང་ཡིན་པར་བསམ་དགོས། གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་བའི་སྐུ།། མཐོང་ཐོས་དྲན་པ་དོན་ལྡན་ལ་ཕྱག་འཚལ།། ཞེས་སྐུའི་ཡོན་ཏན་ཡང་། དཔེ་ལ་བསྟོད་པ་ལས། ཁྱོད་སྐུ་མཚན་གྱིས་སྤྲོས་གྱུར་བ།། མཛེས་གྱུར་མིག་གི་བདུད་རྩི་ནི།། སྤྲིན་མེད་སྟོན་གྱི་ནམ་མཁའ་ལ།། སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ།། ཞེས་གསུངས་པ་ལྟར་མཚན་བཟང་བོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་བོ་བརྒྱད་ཅུས་བརྒྱན་པའི་ཡོན་ཏན་གྱིས་ལྷམ་མེར་མཛེས་པའི་རྗེ་རིན་པོ་ཆེའི་སྐུ་དེ་ཉིད་མཐོང་བ་དོན་དང་ལྡན་པ་དང་། དེ་བཞིན་དུ་ཁོང་གི་གསུང་ཐོས་པ་དོན་དང་ལྡན་པ། ཐུགས་ཀྱི་ཡོན་ཏན་དྲན་པ་དོན་དང་ལྡན་པ་སྟེ། དེ་ལྟར་དུ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་པའི་དད་གུས་རྩེ་གཅིག་གི་སྒོ་ནས་ལུས་ངག་ཡིད་གསུམ་གྱིས་ཕྱག་འཚལ་དགོས་པ་ཡིན་ནོ།། འདིའི་སྐབས་སུ་ཨ་ཁུ་བློ་གྲོས་ཚང་གིས། དགའ་ལྡན་ལྷ་བརྒྱ་མའི་སྐབས་འདིར་མཐོང་ཐོས་དྲན་པ་དོན་ལྡན་ལ་ཕྱག་འཚལ་ཞེས་ཟེར་དགོས་པ་དང་། སྐབས་གསུམ་པའི་སྐབས་སུ་མཐོང་ཐོས་དྲན་པས་དོན་ལྡན་མཛད་པ་ཁྱོད་ཅེས་དྲན་པས་ཞེས་སྦྱར་ན་བརྡ་སྤྲོད་ཀྱི་དགོངས་པ་དང་མཐུན་པ་རེད་གསུངས་པའི་གསུང་རྒྱུན་ཡོད། དེ་ནས་མཆོད་པ་འབུལ་བའི་ཡན་ལག་ནི། ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང་།། དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས།། དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི།། བསོད་ནམས་ཞིང་མཆོག་ཁྱོད་ལ་མཆོད་པ་འབུལ།། ཞེས་ཡིད་འོང་མཆོད་ཡོན་ཞེས་ཞབས་བསིལ་དེའི་ཁོངས་ན་ཡོད། སྣ་ཚོགས་མེ་ཏོག་དང་ཞེས་མེ་ཏོག་ལ་དངོས་མ་དང་བཅོས་མ་སོགས་མེ་ཏོག་གི་ཕྲེང་བ་དང་། སིལ་མའི་རིགས་མང་བོ་དང་། ཡང་མཆོད་པ་ལ་མི་འགྲོ་བའི་ཨརྐའི་མེ་ཏོག་སོགས་དུག་རིགས་མ་ཡིན་པའི་སྣ་ཚོགས་མེ་ཏོག དེ་ནས་དྲི་ཞིམ་བདུག་སྤོས་དང་སྣང་གསལ་སྟེ་འདི་ལ་ནོར་བུ་རིན་པོ་ཆེའི་འོད་དང་གློག་འོད། མར་ཁུ་ལ་སོགས་པའི་སྒྲོན་མེའི་འོད་སོགས་རྣམ་པ་སྣ་ཚོགས་ཡོད། མར་མེ་ནི་མར་ཁུ་འབུལ་བ་མིན་པར་མར་མེའི་འོད་འབུལ་བ་ཡིན་པས་མར་ཅུང་ཟད་ཁ་ཚ་ཡང་སྐྱོན་མེད་ཅེས་ལམ་རིམ་སོགས་ན་གསུངས་ཡོད། དེ་ནས་དྲི་ཆབ་ལ་སྤོས་ཆུ་ཡོན་ཆབ་ཏུ་གསོལ་བ་ཞེས་ནང་དུ་བཟང་དྲུག་སོགས་དྲི་བཟང་མང་པོ་བཏབ་པའི་དྲི་ཆབ་སྟེ་དེ་འདྲའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་དངོས་སུ་བཤམས་པའི་མཆོད་པ་དང་། ཡིད་སྤྲུལ་ནི་མདོ་ལུགས་རྐྱང་བའི་སྟེང་ནས་ཡིན་ན་བྱང་སེམས་ཀུན་ཏུ་བཟང་བོའི་ཕྱག་གི་ཐལ་མོ་སྦྱར་བའི་བར་ན་ནོར་བུ་ཡོད་པ། ནོར་བུའི་སྟེང་ནས་མཆོད་རྫས་སོགས་ནམ་མཁའ་གང་བ་དེ་འདྲ་སྤྲོས་ཏེ་རང་གི་བསམ་པའི་སྟེང་ནས་ཀྱང་དེ་འདྲའི་མོས་པ་བྱས་ནས་རྗེ་བླ་མ་ཡབ་སྲས་གསུམ་ལ་ཡིད་སྤྲུལ་གྱི་སྟེང་ནས་མཆོད་པར་འབུལ། སྔགས་དང་འབྲེལ་ན་ཀུན་བཟང་དེ་བྱང་སེམས་ཀུན་ཏུ་བཟང་པོ་དེ་ལ་མི་གོ་བར་ཀུན་བཟང་ཞེས་པ་དེ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་སྟེང་ནས་བཤད་པ་ཡིན། ངོ་བོ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཡིན་པ་ལ་རྣམ་པ་མཆོད་རྫས་ཀྱི་རྣམ་པར་ཤར་བ། དེ་འདྲས་ནམ་མཁར་གང་བ་མཆོད་པར་འབུལ་བ་ཡིན། སྤྱིར་སྔགས་དང་འབྲེལ་བའི་སྐབས་སུ་མཆོད་ཡོན་སོགས་ཕྱིའི་མཆོད་པ་དང་། ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་སྦྱངས་རྟོགས་སྦར་གསུམ་བྱས་ནས་འབུལ་བ་ནང་གི་མཆོད་པ། རང་གི་ཐུགས་ཀ་ནས་ཞིང་སྐྱེས་སྔགས་སྐྱེས་ལྷན་སྐྱེས་ཀྱི་ལས་ཀྱི་ཕྱག་རྒྱ་སྤྲོས་ནས་བླ་མའི་ཐུགས་ཀ་ན་ཡོད་པའི་ཡུམ་ལ་ཐིམ། དེ་ནས་བླ་མ་ཡབ་ཡུམ་གཉིས་དགའ་བདེར་རོལ་བའི་སྟེང་ནས་བདེ་བ་ཁྱད་པར་ཅན་འཁྲུངས་པ་དེ་འདྲའི་སྟེང་ནས་མོས་པ་བྱས་པ་ལྟ་བུ་གསང་བའི་མཆོད་པ། བླ་མ་ཡབ་ཡུམ་དགའ་བདེར་རོལ་བ་ལ་བརྟེན་ནས་ཐུགས་རྒྱུད་ལ་ཟག་པ་མེད་པའི་ལྷན་སྐྱེས་ཀྱི་བདེ་བ་ཁྱད་པར་ཅན་སྐྱེས་པར་མོས་པ་བྱས་པ་ལྟ་བུ་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ། ཕྱི་མཆོད། ནང་མཆོད། གསང་བའི་མཆོད་པ། དེ་ཁོ་ན་ཉིད་ཀྱི་མཆོད་པ་དེ་འདྲ་ཡང་འབུལ་ཆོག་པ་ཡིན་ནོ།། འདི་ནས་མ་གཞི་དྲི་ཆབ་སོགས་ཞེས་ཕྱི་མཆོད་ཀྱི་སྟེང་ནས་སོང་ཡོད། དེ་འདྲའི་རང་གིས་དངོས་སུ་བཤམས་པ་འདི་མཚོན་བྱེད་ཙམ་ཡིན། དེས་མཚོན་པའི་ཡིད་སྤྲུལ་གྱི་མཆོད་སྤྲིན་རྒྱ་མཚོ་ཞེས་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་ནམ་མཁར་གང་བ་དེ་འདྲ་རང་གི་ཡིད་ཡུལ་དུ་བྱས་ནས་འབུལ་བ་དང་། བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ།། ཞེས་འདི་འདྲའི་མཆོད་རྫས་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་སྤྲིན་རྒྱ་མཚོ་ནམ་མཁའི་ཁྱོན་གང་བ་འདི་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་བ་རྗེ་བླ་མ་ཡབ་སྲས་ཁྱེད་ལ་མཆོད་པར་འབུལ་ཞེས་པའི་དོན་ཡིན། དུས་གསུམ་སངས་རྒྱས་ཀུན་མཆོད་ལས།། བླ་མའི་བ་སྤུ་གཅིག་མཆོད་ལྷག། ཅེས་རྒྱུད་སོགས་ན་གསུངས་ཡོད། བླ་མའི་བ་སྤུ་ཞེས་པ་ཡང་ལུས་ཀྱི་སྟེང་གི་བ་སྤུ་དངོས་ལ་མི་གོ་བར་བླ་མའི་ཉེ་གནས་དང་བླ་མའི་སྒོ་ཁྱི་ལྟ་བུ་སོགས་ལ་ཟེར་བ་ཡིན། བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པ་འབུལ་ཞེས་འདི་ན་མཆོད་པ་འབུལ་ཞེས་སྦྱར་བ་དང་གཞན་པ་ན་མཆོད་པར་འབུལ་ཞེས་སྦྱར་ཡོད་པས་ར་ཡིག་དེ་ཡོད་ན་བདེ་བ་འདྲ། དེས་ན་ཕྱི་མཆོད་ཆུ་གཉིས་ཉེར་སྤྱོད་ལ་སོགས་པའི་དེ་འདྲའི་རྫས་རིགས་ནི་མཆོད་རྫས་དང་། མཆོད་རྫས་དེ་དག་མཆོད་ཡུལ་ལ་ཕུལ་བའི་སྟེང་ནས་མཆོད་ཡུལ་གྱི་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་འཁྲུངས་པ་དེ་མཆོད་པ་དངོས་དང་། དེ་ལྟར་ཕུལ་བ་ལ་བརྟེན་ནས་རང་གི་སེམས་སྟེང་ལ་བཞག་པའི་འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་བྱེད་ཀྱི་ནུས་པ་ཞིག་ལ་མཆོད་པའི་བསོད་ནམས་ཟེར། མཆོད་པའི་རྫས་དང་། མཆོད་པ་དངོས། མཆོད་པའི་བསོད་ནམས་གསུམ་པོ་འདི་ལ་མཆོད་པའི་འཁོར་གསུམ་ཟེར་བ་འདྲ། དེ་ནས་སྡིག་པ་བཤགས་པའི་ཡན་ལག་ནི། གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི།། ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་དང་།། ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས།། སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས།། གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི་ཞེས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་བསགས་པ་དེ་དུས་ཀྱི་སྟེང་ནས་འགྲོ་བ་དང་། ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་དང་ཞེས་ལུས་ངག་ཡིད་གསུམ་སྟེ་ལམ་གྱི་སྟེང་ནས་འགྲོ་བ་དང་། དེའི་རྒྱུའི་ཀུན་སློང་དུག་གསུམ་གང་རུང་ཤུགས་ནས་སྟོན་པ་ཡིན། ཁྱད་པར་སྡོམ་པ་གསུམ་གྱིས་མི་མཐུན་ཕྱོགས།། སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས།། ཞེས་ཁྱད་པར་དུ་སོ་ཐར་གྱི་སྡོམ་པ་དང་བྱང་སེམས་ཀྱི་སྡོམ་པ། སྔགས་ཀྱི་སྡོམ་པ་དང་གསུམ་གྱི་མི་མཐུན་ཕྱོགས་ཀྱིས་གོས་པ་སྟེ། སོ་ཐར་གྱི་སྡོམ་པའི་སྟེང་ནས་ཕམ་པ་བཞི་ལྷག་མ་བཅུ་གསུམ་སྤང་ལྟུང་སུམ་ཅུ་འབའ་ཞིག་པ་དགུ་བཅུ་སོར་བཤགས་བཞི་ཉེས་བྱས་བརྒྱ་དང་བཅུ་གཉིས་ལ་སོགས་པའི་མི་མཐུན་ཕྱོགས་ཀྱིས་གོས་པ་དང་། བྱང་སེམས་ཀྱི་སྡོམ་པའི་སྟེང་ནས་རྩ་བའི་ལྟུང་བ་བཅོ་བརྒྱད་དང་ཉེས་བྱས་ཞེ་དྲུག་ལ་སོགས་པའི་མི་མཐུན་ཕྱོགས་ཀྱིས་གོས་པ་དང་། གསང་སྔགས་ཀྱི་སྡོམ་པའི་སྟེང་ནས་སྔགས་བླ་མེད་སྤྱིའི་དབང་དུ་བྱས་ན་རྩ་ལྟུང་བཅུ་བཞི་དང་། རིགས་ལྔ་སོ་སོའི་དམ་ཚིག་གི་སྟེང་ནས་དབྱེ་བསྡུ་མི་འདྲ་བའི་དབང་གིས་རྩ་ལྟུང་བཅོ་བརྒྱད་དང་བཅུ་དགུའི་བཤད་པ་དེ་འདྲ་ཡོད། སྤོང་བསྟེན་བཟའ་བའི་དམ་ཚིག་ཉམས་པ་སོགས་དེ་འདྲའི་ཚུལ་ཁྲིམས་གསུམ་གྱི་མི་མཐུན་ཕྱོགས་ཏེ་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས་ཀྱིས་རང་གི་རྒྱུད་མ་རུངས་པར་བྱས་པ་དེ་དག་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་སེམས་དྲག་པོའི་སྟེང་ནས་ཕྱིན་ཆད་སྲོག་ལ་བབ་ཀྱང་འདིའི་རིགས་མི་བྱ་སྙམ་པའི་སྔར་བྱས་ལ་འགྱོད་སེམས་དང་ཕྱིན་ཆད་མི་བྱེད་པར་སྡོམ་སེམས་ཀྱི་སྟེང་ནས་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་བྱེད་པའོ།། རྒྱུད་ལ་སྡིག་ལྟུང་དང་བཅས་བཞིན་དུ་ལམ་གྱི་རྟོག་པ་རྒྱུད་ལ་སྐྱེ་མི་སྲིད་པས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྒོ་གསུམ་གྱིས་བསགས་པའི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་ཐམས་ཅད་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་བསྡམས་བྱེད་པ་དེ་ཧ་ཅང་གལ་ཆེ་བ་ཡིན། རང་གི་ཤེས་རྒྱུད་དེ་སྡིག་ལྟུང་གིས་ཆུད་ཟོས་སུ་སོང་ན་ཉམས་རྟོགས་ཕྲ་མོ་ཞིག་ཡིན་ཡང་རྒྱུད་ལ་སྐྱེ་མི་ནུས་པ་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་རེད། སྤྱི་བཤགས་སོགས་ན་སྡོམ་འདི་འདྲ་ཞིག་གི་སྟེང་ན་གསུངས་ཡོད། དུས་རྒྱུ་ལམ་ལས་ཡུལ་སྦྱོར་སྒོ་དྲུག་སྡིག ཅེས་དུས་དང་། རྒྱུ། ལམ། ལས། ཡུལ། སྦྱོར་བ་སྟེ་དྲུག་གི་ནང་དུ་བསྡུས་ནས་སྡིག་པ་བསགས་ཚུལ་བཤད་ཡོད། དུས་ནི་ད་ལྟའི་ཚེ་རབས་འདི་ལ་བསགས་པའི་སྡིག་པ་ཙམ་མིན་པར་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་བསགས་པའི་སྡིག་པ་སྟེ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་ཡོངས་རྫོགས་དུས་ཀྱི་མཚམས་བཟུང་ནས་ངོས་འཛིན་པ་ཡིན། རྒྱུ་ནི་སྡིག་པ་སོགས་གང་དང་གང་བསགས་ནའང་གསོག་པའི་དུས་ལ་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླངས་ཏེ་གསོག་པ་དེ་འདྲ་ཞིག་རེད། ལམ་ནི་མི་དགེ་བའི་ལས་བཅུ་ལྟ་བུ། སྒོ་གསུམ་གྱི་སྟེང་ནས་སྟེ་ལུས་ངག་ཡིད་གསུམ་གང་རུང་གི་སྟེང་ནས་གསོག་པ་དེ་འདྲ་རེད། ལས་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་གང་ཡིན་ཀྱང་འདྲ། སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་གང་དང་གང་ཡིན་རུང་ལུས་ངག་ཡིད་གསུམ་གྱི་ལས་གསུམ་གྱི་ནང་དུ་བསྡུ་ཐུབ་པ་ཡིན། ཡུལ་ནི་དཀོན་མཆོག་ལ་བརྟེན་ནས་གསོག་རྒྱུ་ཞིག་དང་སེམས་ཅན་ལ་བརྟེན་ནས་གསོག་རྒྱུ་གཉིས་ཡོད། དེའི་ནང་ནས་ཀྱང་ཕ་དང་མ་ལ་མ་གུས་པ་དང་མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དེ་ཡིན་ན་ཕན་འདོགས་ཀྱི་ཞིང་དང་བཀའ་དྲིན་ཆེ་བའི་ཞིང་ཡོན་ཏན་གྱི་ཞིང་དེ་འདྲ་ལ་བརྟེན་ནས་བསགས་རྒྱུ་ཡོད། སྦྱོར་བ་ནི་རང་གིས་དངོས་སུ་བྱས་པ་དང་གཞན་ལ་བྱེད་དུ་བཅུག་པ། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བ་དེ་འདྲའི་སྟེང་ནས་བསགས་པ་ཞིག་ཡིན། བཤགས་པ་འདི་ཚོགས་བསགས་སྒྲིབ་སྦྱོང་གཉིས་ཀྱི་ནང་ནས་འགལ་རྐྱེན་སྒྲིབ་པ་སྦྱོང་བ་དེ་ཡིན། འགལ་རྐྱེན་སྒྲིབ་པ་སྦྱོང་བ་ཡན་ལག་བདུན་པའི་ནང་དུ་སྡིག་བཤགས་འདི་མ་གཏོགས་མེད། དེ་ནས་རྗེས་སུ་ཡི་རང་གི་ཡན་ལག་ནི། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན།། ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས།། མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ།། བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་།། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན་ཞེས་རྗེ་ཐམས་ཅད་མཁྱེན་པ་ནི་དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ་ཞེས་གསུངས་པ་ལྟར་དང་པོར་མིའི་དགེ་བའི་བཤེས་གཉེན་བཅུ་ཕྲག་བཞིར་ཉེ་བ་ཞིག་བསྟེན་ནས་མདོ་སྔགས་ཡོངས་རྫོགས་ལ་ཐོས་པ་རྒྱ་ཆེན་པོ་བྱས། ཁྱད་པར་དུ་ལྷའི་དགེ་བའི་བཤེས་གཉེན་རྗེ་བཙུན་འཇམ་པའི་དབྱངས་ལ་བརྟེན་ནས་གཞུང་གི་དཀའ་གནས་སོགས་ལ་དོགས་གཅོད་བྱས་ཏེ་ཐོས་པ་རྒྱ་ཆེན་པོ་བྱས་པས་མང་ཐོས་ཞེས་སྦྱར་བ་ཡིན། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་ཞེས་འཕྲོ་ནས་མདོ་སྔགས་ཡོངས་རྫོགས་ཀྱི་གསུང་རབ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཐབས་དམ་པར་གོ་ནས་མདོ་སྔགས་གཉིས་འགལ་བ་མེད་པར་གཅིག་གྲོགས་སུ་གཅིག་འཁྱེར་བ་གྲུ་བཞི་ལམ་གྱི་སྒོ་ནས་ཉམས་ལེན་བྱས་པ་ཡིན། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་ཞེས་འོལ་ཁ་ཆོས་གླིང་སོགས་སུ་རང་གིས་ཐོས་པ་བྱས་པའི་དོན་དེ་ཐོས་རྐྱང་ཙམ་དུ་མ་སོང་བར་ཉིན་མཚན་དུས་དྲུག་ཏུ་སྒྲུབ་པ་ཉམས་ལེན་གྱི་སྟེང་ནས་དུས་འདའ་བ་ཡིན། ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས་ཞེས་འཇིག་རྟེན་ཆོས་བརྒྱད་སྤངས་ཚུལ་དེ་ཡང་ཆོས་བརྒྱད་དཀར་ནག་ཁྲ་གསུམ་གྱི་སྟེང་ནས་བཤད་པ་ཡིན། ཚེ་འདིའི་སྣང་ཞེན་མ་ལྡོག་པའི་སྟེང་ནས་རྙེད་པ་དང་བཀུར་སྟིའི་ཆེད་དུ་ཐོས་བསམ་སྒོམ་སྒྲུབ་གང་བྱས་ཀྱང་ཆོས་བརྒྱད་ནག་པོར་འགྲོ་བ་ཡིན། རང་གཅེས་འཛིན་གྱི་བསམ་པས་བསླད་པའི་སྟེང་ནས་ཚེ་འདིའི་རྙེད་པ་དང་བཀུར་སྟིའི་ཆེད་དུ་ཐོས་བསམ་སྒོམ་སྒྲུབ་གང་བྱས་ཀྱང་ཆོས་བརྒྱད་ཁྲ་བོར་འགྲོ་བ་ཡིན། བདེན་འཛིན་གྱིས་བསླད་པའི་སྟེང་ནས་ཚེ་འདིའི་རྙེད་པ་དང་བཀུར་སྟིའི་ཆེད་དུ་ཐོས་བསམ་སྒོམ་སྒྲུབ་གང་བྱས་ཀྱང་ཆོས་བརྒྱད་དཀར་བོར་འགྲོ་བ་ཡིན། དེས་ན་རྗེ་ཐམས་ཅད་མཁྱེན་པས་ཆོས་བརྒྱད་དཀར་ནག་ཁྲ་གསུམ་ཐམས་ཅད་སྤངས་ཏེ་ཐོས་བསམ་སྒོམ་སྒྲུབ་ཡ་མ་བྲལ་བའི་སྟེང་ནས་དལ་འབྱོར་དོན་ཡོད་པ་ཞིག་བྱས་པ་རེད། རྟོགས་བརྗོད་འདུན་ལེགས་མ་ན་རྗེ་རིན་པོ་ཆེའི་ཐོས་བསམ་མཛད་ཚུལ་གྱི་རིམ་པ་དེ་གཙོ་བོར་སྟོན་པ་དང་རྗེའི་ཉམས་མགུར་སྟེ་ལམ་རིམ་བསྡུས་དོན་སོགས་ན་རྗེ་རིན་པོ་ཆེའི་སྒྲུབ་པ་ཉམས་ལེན་གྱི་རིམ་པ་དེ་གཙོ་བོར་སྟོན་པས་དེ་གཉིས་སྦྲགས་ཏེ་བལྟས་ན་རྗེ་རིན་པོ་ཆེ་ཁོང་གི་ཐོས་བསམ་སྒོམ་སྒྲུབ་ཡ་མ་བྲལ་བའི་ཡོན་ཏན་ཆ་ཚང་བ་ཞིག་སྟོན་པ་ཡིན། དེ་འདྲའི་འཆད་རྩོད་རྩོམ་གསུམ་གྱི་སྟེང་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛམ་གླིང་ཆེན་པོའི་ཡུལ་འདིར་དར་ཞིང་རྒྱས་པར་མཛད་པ་དང་སངས་རྒྱས་སྲས་དང་བཅས་པའི་མཛད་པ་ཐམས་ཅད་སྐུ་ཚེ་གཅིག་གི་ནང་དུ་ཉམས་སུ་བཞེས་ཏེ་མཛད་འཕྲིན་བསྐྱངས་པ་དེའི་ཕྱིར། མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ།། བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་།། ཞེས་གསུངས། འདི་ནས་རྗེས་སུ་ཡི་རང་ཞེས་པ་ནི་ཉོན་མོངས་དང་མ་འདྲེས་པའི་དགའ་བའི་རྣམ་པ་ཅན་སྟེ་དང་བའི་དད་པ་ཞིག་ཡིན། སྤྱིར་རྗེས་སུ་ཡི་རང་བྱེད་པའི་གནས་དེ་ལ་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་དགེ་བ་སོགས་ལ་རྗེས་སུ་ཡི་རང་བྱེད་པ་དང་དེ་བཞིན་དུ་ཉན་ཐོས་རང་རྒྱལ་བྱང་སེམས་སོ་སྐྱེ་སོགས་ཀྱི་རྒྱུད་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བྱེད་པ་སོགས་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བྱེད་པ་དང་རང་གི་དགེ་བ་ལ་རྗེས་སུ་ཡི་རང་བྱེད་པ་གཉིས་ཡོད། སྐབས་འདི་ནས་རྗེ་ཐམས་ཅད་མཁྱེན་པའི་ཐུགས་རྒྱུད་ཀྱི་ཡོན་ཏན་དང་རླབས་ཆེ་བའི་མཛད་པ་ལ་རྗེས་སུ་ཡི་རང་བྱེད་པ་ཡིན། རྗེས་སུ་ཡི་རང་འདི་ཚེགས་མེད་དམ་པ་ཞེས་ཚེགས་ཆུང་ངུའི་སྟེང་ནས་དོན་ཆེན་པོ་འགྲུབ་བྱེད་ཀྱི་ཐབས་མཆོག་ཏུ་གྱུར་བ་ཞིག་ཡིན་ཟེར། དེ་ནས་ཆོས་འཁོར་བསྐོར་བར་གསོལ་བ་འདེབས་པ་ནི། རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱི།། ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས།། ཇི་ལྟར་འཚམ་པའི་གདུལ་བྱའི་འཛིན་མ་ལ།། ལྷུན་གྲུབ་ཆོས་ཀྱི་ཆར་བ་དབབ་ཏུ་གསོལ།། ཞེས་སྔོན་ཚངས་པ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་ལ་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་དེའི་ཚེ་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཞིག་ཕུལ་ནས་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་ཡིན། རྟེན་འབྲེལ་དེ་འདྲའི་སྟེང་ནས་རང་གི་ལག་ཏུའང་གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཞིག་ཐོགས་ཏེ་རང་ཉིད་ཚངས་པ་ཆེན་པོའི་མོས་པ་བྱས་ནས་རྗེ་བླ་མའི་ཐུགས་དག་པ་གཉིས་ལྡན་གྱི་ཆོས་སྐུ་དེ་ལས་མཁྱེན་པ་དང་བརྩེ་བའི་སྒོ་ནས་གདུལ་བྱར་གང་ལ་གང་འཚམ་གྱི་ཆོས་འཁོར་བསྐོར་བར་གསོལ་བ་འདེབས་པ་ཡིན། རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱིས།། ཞེས་པ་དེ་ཡང་རང་གི་རྩ་བའི་བླ་མ་དང་དངོས་བརྒྱུད་ཀྱི་བླ་མ་ཐམས་ཅད་ལ་བྱེད་པ་ཡིན་པས་རྣམས་སྒྲ་སྦྱར་བ་ཡིན། ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས་ཞེས་དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་ཆོས་སྐུ་དེ་ནམ་མཁའི་གཟུགས་སུ་བཀོད་ནས་མཁྱེན་པ་དང་བརྩེ་བའི་ཡོན་ཏན་དེ་ཆུ་འཛིན་གྱི་གཟུགས་སུ་བཀོད་པ་ཡིན། འདི་ནས་ངོ་བོ་ཉིད་སྐུ་ལ་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་དང་ལྡན་ཚུལ་གྱི་རིམ་པ་དེ་ཡོང་གི་ཡོད། ཇི་ལྟར་འཚམ་པའི་གདུལ་བྱའི་འཛིན་མ་ལ་ཞེས་གདུལ་བྱའི་བློ་ཁ་དང་འཚམ་པ་དཔེར་ན། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་འཆད་པ་སྐབས་སུ་བབ་པ་དེ་འདྲ་ཞིག་ཡིན་ན་སྐྱབས་འགྲོ་དང་ལས་འབྲས་ཀྱི་སྐོར་གསུངས། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་སྐབས་སུ་བབ་པ་ཞིག་ཡིན་ན་ངེས་འབྱུང་དང་བསླབ་གསུམ་གྱི་རིམ་པ་སོགས་གསུངས། སྐྱེས་བུ་ཆེན་པོའི་ལམ་རིམ་སྦྱོང་བའི་སྣོད་རུང་ཞིག་ཡིན་ན་བྱང་ཆུབ་ཀྱི་སེམས་དང་ཟབ་མོ་དབུ་མའི་ལྟ་བ་སོགས་ཀྱི་ཆོས་གསུངས། སྔགས་བླ་མེད་ཀྱི་ལམ་གྱི་རིམ་པ་སྟོན་པའི་སྣོད་རུང་དུ་སོང་ཡོད་ན་བསྐྱེད་རིམ་དང་རྫོགས་རིམ་སྟེ་རིམ་གཉིས་ཀྱིས་བསྡུས་པའི་ཆོས་གསུངས་ཏེ་གདུལ་བྱའི་བློ་ཁ་དང་འཚམ་པ་སྟེ་གང་ལ་གང་འཚམ་གྱི་ཆོས་གསུངས་ཚུལ་བསྟན་པ་ཡིན། གདུལ་བྱའི་འཛིན་མ་ལ་ཞེས་གདུལ་བྱའི་ཤེས་རྒྱུད་འཛིན་མའི་གཟུགས་སུ་བཀོད་ནས་གསུངས། འདི་ནས་ཟབ་རྒྱས་ཆོས་ཀྱི་ཆར་བ་དབབ་ཏུ་གསོལ་ཞེས་སྦྱར་བའང་ཡོད་ལ། འདི་ན་ལྷུན་གྲུབ་ཆོས་ཀྱི་ཆར་བ་དབབ་ཏུ་གསོལ་ཞེས་གསུངས། ཟབ་རྒྱས་ཞེས་སྦྱར་ན་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཆར་བ་དབབ་ཏུ་གསོལ་ཞེས་པ་ལ་གོ་བ་དང་། ལྷུན་གྲུབ་ཅེས་པ་འབད་མེད་ལྷུན་གྲུབ་ཀྱི་སྟེང་ནས་ཆོས་ཀྱི་ཆར་བ་དབབ་ཏུ་གསོལ་ཞེས་ཆོས་འཁོར་བསྐོར་བར་གསོལ་བ་འདེབས་པ་ལའོ།། དེ་ནས་བསྔོ་བའི་ཡན་ལག་སྟེ། བསྔོ་བའི་སྟེང་ནས་དགེ་བ་དེ་གང་དང་གང་གི་རྒྱུར་འགྲོ་དགོས་པ་དེར་བསྒྱུར་བ་ཡིན། དཔེར་ན་དགེ་བ་དེ་ཚེ་ཕྱི་མ་འཁོར་བའི་མངོན་མཐོ་འགྲུབ་པའི་རྒྱུ་དང་། ཡང་ངེས་ལེགས་ཐར་བའི་གོ་འཕང་འཐོབ་བྱེད་ཀྱི་རྒྱུ་དང་། ཡང་ན་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་བྱེད་ཀྱི་རྒྱུ་སོགས་བསྔོ་བའི་སྟེང་ནས་སྒོ་གསུམ་གྱིས་བསགས་པའི་དགེ་བ་དེ་གཞན་དང་གཞན་དུ་བསྒྱུར་ཐུབ་པ་དེ་འདྲ་ཞིག་ཡིན། དེའི་ཕྱིར་དགེ་བའི་རྩ་བ་དེ་གསེར་རྡོག་ལྟ་བུ་དང་བསྔོ་བ་ནི་གསེར་མགར་གྱིས་རྒྱན་སོགས་བརྡུངས་པ་ལྟ་བུ་ཡིན། གསེར་རྡོག་དེ་གསེར་མགར་གྱིས་རྒྱན་ཆ་ཅི་ཞིག་ཏུ་ཡང་བསྒྱུར་ཆོག་པ་དེ་དང་འདྲ་བ་ཡིན། དེས་ན་ཐོག་མཐའ་གཉིས་ལ་བྱ་བ་གཉིས་ཞེས་པ་ལྟར། ཐོག་མར་གལ་ཆེ་བ་ཀུན་སློང་བཅོས་ཚུལ་སྟེ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྟེང་ནས་ཀུན་སློང་བཅའ་བ་གལ་ཆེ་བ་དང་། མཐའ་མར་བསྔོ་བ་གལ་ཆེ་བ་ཡིན་པས་བཀའ་གདམས་གོང་མ་རྣམས་ཀྱིས་ཐོག་མཐའ་གཉིས་ལ་བྱ་བ་གཉིས་ཞེས་གསུངས་པ་རེད། འདིའི་བསྔོ་བའི་ཚིག་ལ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས།། བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་།། ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི།། བསྟན་པའི་སྙིང་བོ་རིང་དུ་གསལ་བྱེད་ཤོག། ཅེས་རང་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ལུས་ངག་ཡིད་གསུམ་གྱི་སྟེང་ནས་བསགས་པའི་དགེ་བ་དང་། ཁྱད་པར་དུ་བླ་མའི་རྣལ་འབྱོར་འདི་ཉམས་སུ་བླངས་པ་འདིའི་སྟེང་ནས་བྱུང་བའི་དགེ་བ་དེ་གང་ལ་བསྔོ་བ་ཡིན་ཞེ་ན། བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་ཞེས་སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་འགྲོ་བ་སེམས་ཅན་ལ་ཕན་བདེ་འབྱུང་བའི་རྒྱུ་རུ་བསྔོ་བ། ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི།། བསྟན་པའི་སྙིང་བོ་རིང་དུ་གསལ་བྱེད་ཤོག། ཅེས་ཁྱད་པར་དུ་རྒྱལ་བའི་བསྟན་པ་སྤྱིའི་ནང་ནས་སྙིང་བོ་ཕྱོགས་གཅིག་ཏུ་བསྡུས་ནས་ལམ་གྱི་ལུས་ཡོངས་རྫོགས་སྟན་ཐོག་གཅིག་ཏུ་གྲུ་བཞིར་ཉམས་སུ་ལེན་པ་སྟེ་མདོ་སྔགས་གཉིས་འགལ་མེད་དུ་གཅིག་གྲོགས་སུ་གཅིག་འཁྱེར་བའི་སྒོ་ནས་ཉམས་སུ་ལེན་ཚུལ་རྗེ་བླ་མའི་བཀའ་སྲོལ་འདི་ཉིད་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཡུན་རིང་དུ་གསལ་བའི་ཆེད་དང་། རང་ཉིད་ཀྱང་ནམ་མཁའ་ཇི་སྲིད་དུ་ལམ་གྱི་གནད་འགག་གི་སྙིང་བོ་ཕྱོགས་གཅིག་ཏུ་བསྡུས་པ་བསྟན་པའི་སྙིང་བོ་རྗེ་ཐམས་ཅད་མཁྱེན་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་དང་མི་འབྲལ་བར་ཐོས་བསམ་སྒོམ་པའི་སྟེང་ནས་རང་གི་ཉམས་འོག་ཏུ་ཚུད་དེ་འཆད་རྩོད་རྩོམ་པའི་སྒོ་ནས་གདུལ་བྱ་གཞན་གྱི་རྒྱུད་ལ་གསལ་བར་ཤོག་ཅིག་སྙམ་པའི་ཀུན་སློང་དེ་འདྲ་ཞིག་གི་སྟེང་ནས་བསྔོ་དགོས་པ་ཡིན་གསུངས། དགའ་ལྡན་ལྷ་བརྒྱ་མའི་ཤོ་ལོ་ཀ་བརྒྱད་པོ་འདི་དགེ་ལྡན་སྙན་བརྒྱུད་སྤྲུལ་བའི་གླེགས་བམ་དེ་ནས་རིམ་བཞིན་སྙན་ནས་སྙན་དུ་བརྒྱུད་འོང་བ་ཡིན། འདི་ཡི་གེར་འགོད་པ་པོ་རྒྱུད་ཆེན་སངས་རྒྱས་རྒྱ་མཚོ་ཚང་ཡིན་ལ་དེའི་བར་དུ་ཡི་གེར་བཀོད་མེད། ཡན་ལག་བདུན་པོ་འདི་རྒྱལ་སྲས་ཀྱི་སྤྱོད་པ་ཐམས་ཅད་ཀྱི་སྡོམ་ཆེན་པོ་ཞིག་ཡིན་ཞིང་བསགས་སྦྱང་གི་གནད་ཐམས་ཅད་ཀྱང་འདིར་འདུས་པ་ཡིན། བསགས་སྦྱང་གི་གནད་ཐམས་ཅད་འདུས་པའི་ཡན་ལག་བདུན་པོ་འདི་ཡང་བསྡུས་ན་ལམ་རིམ་ཆེན་མོ་སོགས་ན་གསུངས་པའི་བསགས་པ་དང་སྦྱང་བ་དང་སྤེལ་ཞིང་མི་ཟད་པར་བྱེད་པ་གསུམ་དུ་འདུ་བ་ཡིན། ཕྱག་འཚལ་བ། མཆོད་པ་འབུལ་བ། རྗེས་སུ་ཡི་རང་། བསྐུལ་བ། གསོལ་བ་འདེབས་པ་དང་ལྔ་མཐུན་རྐྱེན་ཚོགས་བསགས་པ་ཡིན་ཞིང་དེའི་ནང་ནས་རང་གི་དགེ་བ་ལ་རྗེས་སུ་ཡི་རང་བ་དེ་རང་གི་དགེ་བ་སྤེལ་བར་བྱེད་པའི་ཐབས་དང་། སྡིག་པ་བཤགས་པ་སྟེ་འགལ་རྐྱེན་སྒྲིབ་པ་སྦྱོང་བ་དེ་བསགས་སྦྱང་གཉིས་ཀྱི་ནང་ནས་སྦྱང་བ་ཡིན། བསྔོ་བ་ནི་དགེ་བ་ཆུང་ངུ་ཆེན་པོར་སྤེལ་བ་དང་དེ་མ་ཐག་ཏུ་ཟད་པར་འགྱུར་བ་དེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་མི་ཟད་པར་བྱེད་པའི་ཐབས་ཡིན། དེ་ནས་མཎྜལ་འབུལ་ཞིང་གསོལ་བ་བཏབ་ནས་དངོས་གྲུབ་ཞུ་བ་ལ། དོན་གལ་ཆེན་གནས་སྐབས་དང་མཐར་ཐུག་གི་འདོད་དོན་འགྲུབ་པའི་ཆེད་དུ་ཞུ་བ་འབུལ་དགོས་ན་ཞུ་རྟེན་ཞིག་དགོས་པས་མཎྜལ་འབུལ་བ་དེ་ཞུ་རྟེན་ཡིན། རང་གི་རྩ་བའི་བླ་མ་དང་རྗེ་ཐམས་ཅད་མཁྱེན་པ་ངོ་བོ་དབྱེར་མེད་ཡིན་པའི་མོས་པ་བྱས་ནས་མོས་པ་དེའི་སྟེང་ནས་རྗེ་ཐམས་ཅད་མཁྱེན་པའི་ལུགས་ཀྱི་མཎྜལ་ཚོམ་བུ་ཉེར་གསུམ་མ་འབུལ་ནའང་ཆོག་ལ་འགྲོ་མགོན་འཕགས་པའི་ལུགས་ཀྱི་མཎྜལ་ཚོམ་བུ་སོ་བདུན་མ་འབུལ་ནའང་ཆོག རྟག་ཏུ་ངུས་མཛད་པའི་མཎྜལ་ཚོམ་བུ་བདུན་མ་སོགས་གང་འབུལ་ཀྱང་ཆོག མཎྜལ་ཕུལ་རྗེས་སུ་འདོད་དོན་ལ་གསོལ་བ་འདེབས་པའི་སྐབས་སུ་དམིགས་བརྩེ་མའི་གསོལ་འདེབས་དང་། གཞན་ཡང་དཔལ་ལྡན་ས་གསུམ་མའི་སྟེང་ནས་མཆོག་གི་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས་ཞེས་པའི་བར་གྱི་ཚིག་དོན་དྲན་བཞིན་པའི་ངང་ནས་གསོལ་བ་བཏབ་ཀྱང་ཆོག གསོལ་བ་འདེབས་པ་ཞེས་པ་ནི་བུ་སྟོན་ཐམས་ཅད་མཁྱེན་པའི་འདུལ་བའི་ལས་ཆོག་གི་ཊྰིཀྐ་ན་གསོལ་བ་འདེབས་པ་ནི་ཞུ་བ་འབུལ་བའི་དོན་ཡིན་ཟེར། བཀའ་གདམས་གླེགས་བམ་སོགས་ན་རེས་འགའ་གསོལ་འདེབས་དབྱངས་ཀྱི་གཟུགས་ཞེས་པ་དེ་དམིགས་བརྩེ་མའི་གསོལ་འདེབས་འདི་གནས་ཚོད་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་རྒྱུད་ཀྱི་ཡེ་ཤེས་དེ་གསོལ་འདེབས་ཀྱི་གཟུགས་སུ་ཤར་བ་དེ་ཡིན་ལ་སྣང་ཚོད་ཀྱི་སྟེང་ནས་ཀྱང་རྗེ་རིན་པོ་ཆེའི་གསུང་འཁྲུལ་མེད་ཡིན་ཟེར། དེས་ན་གནས་ཚོད་སྣང་ཚོད་གང་གི་དབང་དུ་བྱས་ནའང་གཞན་དང་མི་འདྲ་བའི་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་ཡིན། དམིགས་བརྩེ་མའི་སྒོ་ནས་གསོལ་བ་འདེབས་ཚུལ་ལ་དོན་དག་གསུམ་སྟེ། ཕྱི་མཚུངས་པ་གསལ་བྱེད་ཀྱི་སྒོ་ནས་གསོལ་བ་འདེབས་པ། ནང་ཡོན་ཏན་དེ་ལྡན་གྱི་སྒོ་ནས་གསོལ་བ་འདེབས་པ། གསང་བ་ལྷག་པའི་ལྷ་དང་ངོ་བོ་དབྱེར་མེད་དུ་གསོལ་བ་འདེབས་པ་དང་དོན་གསུམ་ཡོད། ཕྱི་མཚུངས་པ་གསལ་བྱེད་ཀྱི་སྒོ་ནས་གསོལ་བ་འདེབས་པ་ནི། རྒྱལ་བ་ཐམས་ཅད་ཀྱི་ནང་ནས་མཁྱེན་བརྩེ་ནུས་གསུམ་གྱི་སྟེང་ནས་རིགས་གསུམ་མགོན་པོ་ལྷག་པ་དཔེ་དེ་བཞིན་དུ་བོད་གངས་ཅན་གྱི་མཁས་པ་ཐམས་ཅད་ཀྱི་ནང་ནས་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་རྗེ་ཐམས་ཅད་མཁྱེན་པ་ལྷག་པ་ཡིན་པའི་མོས་པ་དེའི་ངང་ནས་བདག་ཀྱང་རྗེ་ཐམས་ཅད་མཁྱེན་པ་ཁྱེད་རང་དང་འདྲ་བར་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་སྟེང་ནས་དམིགས་བརྩེ་མའི་གསོལ་འདེབས་བྱས་ན་རྗེ་བླ་མ་ཕྱི་སྒྲུབ་ཀྱི་མན་ངག་ཡིན། ལྷག་ཚུལ་དེ་ཡང་གོ་བ་གཞན་གྱི་སྟེང་ནས་བཙལ་དགོས་པ་མ་གཏོགས་སངས་རྒྱས་ནང་ཕན་ཚུན་སྤངས་རྟོགས་ཀྱི་ཡོན་ཏན་མི་མཉམ་པའི་སྟེང་ནས་གོ་མི་རུང་། ནང་ཡོན་ཏན་དེ་ལྡན་གྱི་སྒོ་ནས་གསོལ་བ་འདེབས་པ་ནི། རིགས་གསུམ་མགོན་པོའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཇི་སྙེད་ཡོད་པ་རྗེ་ཐམས་ཅད་མཁྱེན་པའི་རྒྱུད་ནའང་དེ་སྙེད་ཡོད་པ་དེ་ལྟར་བལྟས་པའི་སྒོ་ནས་བདག་ཀྱང་རྗེ་ཐམས་ཅད་མཁྱེན་པ་ཁྱེད་རང་དང་འདྲ་བར་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ལྡན་པར་བྱིན་གྱིས་རློབས་ཤིག་སྙམ་པའི་སྟེང་ནས་དམིགས་བརྩེ་མའི་གསོལ་འདེབས་བྱེད་པ་དེ་རྗེ་བླ་མ་ནང་སྒྲུབ་ཀྱི་མན་ངག་ཡིན། གསང་བ་ལྷག་པའི་ལྷ་དང་ངོ་བོ་དབྱེར་མེད་དུ་གསོལ་བ་འདེབས་པ་ནི། རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་རང་གཟུགས་དེ་རིགས་གསུམ་མགོན་པོ་ཡིན་ལ། རིགས་གསུམ་མགོན་པོ་གཅིག་ཏུ་བསྡུས་པའི་རང་གཟུགས་དེ་རྗེ་བླ་མ་ཡིན་པ་དེ་འདྲའི་སྟེང་ནས་རྗེ་བླ་མ་རིགས་གསུམ་གཅིག་བསྡུས་ཀྱི་ངོ་བོ་ཡིན་པའི་མོས་པའི་སྟེང་ནས་བདག་ཀྱང་རྗེ་བླ་མ་ཁྱེད་རང་ལྟ་བུར་རིགས་གསུམ་གཅིག་བསྡུས་ཀྱི་ངོ་བོར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་སྟེང་ནས་དམིགས་བརྩེ་མའི་གསོལ་འདེབས་བྱས་ན་རྗེ་བླ་མ་གསང་སྒྲུབ་ཀྱི་མན་ངག་ཡིན། དམིགས་བརྩེ་མའི་གསོལ་བ་འདེབས་པའི་ཚེ་དམིགས་རིམ་འདི་འདྲ་ཞིག་སྐྱོང་བ་སྟེ་སེམས་ལ་འདི་འདྲ་ཞིག་དྲན་དགོས། འདི་འདྲའི་སྐབས་སུ་རྗེ་བླ་མའི་སྤྱི་བོར་སྤྱན་རས་གཟིགས་བཀོད། མགྲིན་པར་རྗེ་བཙུན་འཇམ་པའི་དབྱངས་བཀོད། ཐུགས་ཀར་གསང་བདག་ཕྱག་ན་རྡོ་རྗེ་བཀོད་ནས་གསལ་བཏབ་ཆོག་ལ་རྗེ་བླ་མ་ཁོང་ཉིད་རིགས་གསུམ་ཀུན་འདུས་ཀྱི་བདག་ཉིད་ཡིན་པའི་མོས་པ་བྱས་ཏེ་གསོལ་བ་བཏབ་ཀྱང་ཆོག ཡང་དམིགས་བརྩེ་མ་ལྔ་སྐོར། དྲུག་སྐོར། དགུ་སྐོར་སྟེ། དམིགས་བརྩེ་མ་ལྔ་སྐོར་ནི། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཞེས་རྗེ་བླ་མའི་ཐུགས་ཀར་ཐུབ་པའི་དབང་བོ་བཀོད་པའི་ཚེ། ཐུབ་པའི་དབང་བོ། རྗེ་བླ་མ། རིགས་གསུམ་མགོན་པོ་སྟེ་ལྔ་སྐོར་ཞེས་པ་དེ་འདྲའི་སྟེང་ནས་འགྲོ་དགོས་པ་འདྲ། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས།། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།། ཞེས་སོགས་ཀྱིས་གསོལ་བ་བཏབ་ན་དམིགས་བརྩེ་མ་ལྔ་སྐོར་གྱི་སྟེང་ནས་གསོལ་བ་འདེབས་ཚུལ་དང་། དམིགས་བརྩེ་མ་དྲུག་སྐོར་ལ་རྗེ་བླ་མའི་ཐུགས་ཀར་ཐུབ་པའི་དབང་བོ་བཀོད། ཐུབ་པའི་དབང་བོའི་ཐུགས་ཀར་རྒྱལ་བ་རྡོ་རྗེ་འཆང་བཀོད་ནས་གསོལ་བ་འདེབས་པའི་ཚེ། དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་།། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས་ཞེས་ཐུབ་པའི་དབང་བོ། རྒྱལ་བ་རྡོ་རྗེ་འཆང་། རིགས་གསུམ། རྗེ་བླ་མ་སྟེ་དྲུག་སྐོར་ཞེས་པ་དེ་འདྲའི་སྟེང་ནས་བཤད་པ་འདྲ། དམིགས་བརྩེ་མ་དགུ་སྐོར་གྱི་སྟེང་ནས་གསོལ་བ་འདེབས་པ་ནི། རྗེ་བླ་མའི་སྤྱི་བོར་སྤྱན་རས་གཟིགས་ཕྱི་ནང་གསང་གསུམ་བཀོད། མགྲིན་པར་འཇམ་དབྱངས་ཕྱི་ནང་གསང་གསུམ་བཀོད། ཐུགས་ཀར་ཕྱག་རྡོར་ཕྱི་ནང་གསང་གསུམ་བཀོད་དེ་དགུ་སྐོར་གྱི་སྟེང་ནས་གསོལ་བ་འདེབས་ཚུལ། ཡང་རྗེའི་ཐུགས་ཀར་འཇམ་དབྱངས་ཕྱི་ནང་གསང་གསུམ་བཀོད། རྒྱལ་ཚབ་རྗེའི་ཐུགས་ཀར་སྤྱན་རས་གཟིགས་ཕྱི་ནང་གསང་གསུམ་བཀོད། མཁས་གྲུབ་རྗེའི་ཐུགས་ཀར་གསང་བདག་ཕྱི་ནང་གསང་གསུམ་བཀོད་ནས་དེ་འདྲའི་སྟེང་ནས་དགུ་སྐོར་དང་། ཡང་རྗེ་བླ་མའི་སྤྱི་བོ་མགྲིན་པ་ཐུགས་ཀའི་གནས་གསུམ་ཀར་འཇམ་དབྱངས་ཕྱི་ནང་གསང་གསུམ་སྟེ་འཇམ་དབྱངས་དགུ་ཕྲུགས་བཀོད་དེ་དགུ་སྐོར་གྱི་སྟེང་ནས་གསོལ་བ་འདེབས་པའང་ཡོད། དེ་འདྲ་ལ་སྐུ་ནོར་བུ་མཛོད་འཛིན། གསུང་ཉི་མ་སྣང་བྱེད། ཐུགས་གསང་བ་མཛོད་འཛིན་གྱི་ཐ་སྙད་བཏགས་ཡོད། དེར་མ་ཟད་རྗེ་བླ་མའི་ཐུགས་ཀར་འཇིགས་བྱེད་བཀོད་ནས། འཇམ་དཔལ་ཁྲོས་པའི་ཟློས་གར་གཤིན་རྗེ་གཤེད།། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།། ཞེས་གསོལ་འདེབས་བྱེད་ཚུལ་དེ་ཡང་སྙན་བརྒྱུད་ཀྱི་མན་ངག་ཅིག་ཡིན་གསུངས། དེས་ན་དམིགས་སྐོར་ཐམས་ཅད་ཡོང་དཀའ་བས་མདོར་བསྡུས་ཀྱི་སྟེང་ནས་གསོལ་འདེབས་བྱེད་ན་ཕྱི་མཚུངས་པ་གསལ་བྱེད་ཀྱི་སྒོ་ནས་གསོལ་བ་འདེབས་པ། ནང་ཡོན་ཏན་དེ་ལྡན་གྱི་སྒོ་ནས་གསོལ་བ་འདེབས་པ། གསང་བ་ལྷག་པའི་ལྷ་དང་ངོ་བོ་དབྱེར་མེད་དུ་གསོལ་བ་འདེབས་པ་དེ་ཙམ་ཞིག་ཡིད་ལ་འཆར་སླ་བ་ཡིན། གསོལ་བ་འདེབས་པའི་ཚེ་རང་གི་འདོད་དོན་ལ་གསོལ་བ་ཇི་ལྟར་འདེབས་ཞེ་ན། གསོལ་འདེབས་ཀྱི་ཚིག་བརྗོད་པའི་སྐབས་དེ་ལ་སེམས་ཀྱི་གཏིང་ནས་ད་ནས་བཟུང་སྟེ་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་རང་ཁོ་ནའི་དོན་གཙོ་བོར་བྱེད་པའི་རང་དོན་ཡིད་བྱེད་དང་རྒྱལ་སྲས་ཀྱི་སྤྱོད་པ་བྱ་དཀའ་བ་རྣམས་ལ་སྒྱིད་ལུག་ཅིང་ཞུམ་པའི་བསམ་པ་དེའི་རིགས་དོར་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པར་སློབ་པ་ལ་སྤྱན་རས་གཟིགས་ལྟ་བུར་ད་ལྟ་ཉིད་དུ་མྱུར་བ་མྱུར་དུ་འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག་སྙམ་པ་དང་། སྐྱོན་ཐམས་ཅད་དང་བྲལ་བའི་ཆེ་གསལ་མྱུར་ཟབ་ཀྱི་ཤེས་རབ་ཀྱི་སྒོ་ནས་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་ཇི་བཞིན་འབྱེད་པ་ལ་རྗེ་བཙུན་འཇམ་པའི་དབྱངས་ལྟ་བུར་ད་ལྟ་ཉིད་དུ་མྱུར་བ་མྱུར་དུ་འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག་སྙམ་པ་དང་། བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་བདུད་བཞི་ཕྲ་རགས་སོགས་ཕྱི་ནང་གསང་བའི་བར་ཆད་མ་ལུས་པ་འཇོམས་པ་ལ་དཔལ་ཕྱག་ན་རྡོ་རྗེ་ལྟ་བུར་ད་ལྟ་ཉིད་དུ་མྱུར་བ་མྱུར་དུ་འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག་སྙམ་པའི་བསམ་པ་དེ་འདྲའི་སྟེང་ནས་དམིགས་བརྩེ་མ་བགྲང་། ལམ་རིམ་གྱི་རྟོགས་པ་དེ་མདོ་ལུགས་རྐྱང་བའི་དབང་དུ་བྱས་ན་དགེ་བའི་བཤེས་གཉེན་ལ་མ་གུས་པ་ནས་བདག་གཉིས་སུ་མཚན་མར་འཛིན་པའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་དང་། བཤེས་གཉེན་ལ་གུས་པ་ནས་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་བར་གྱི་ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་རྒྱུད་ལ་བདེ་བླག་ཏུ་སྐྱེ་བར་བྱིན་གྱིས་རློབས་ཤིག་སྙམ་པ། ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་དེ་འདྲའི་འདོད་དོན་ཡིད་ལ་དྲན་པའི་སྒོ་ནས་གསོལ་བ་འདེབས་པ་སོགས་མདོ་ལུགས་རྐྱང་བའི་དབང་དུ་བྱས་པ་ཡིན། སྔགས་དང་འབྲེལ་ན་དགེ་བའི་བཤེས་གཉེན་ལ་མ་གུས་པ་ནས་སྣང་མཆེད་ཐོབ་གསུམ་གྱི་གཉིས་སྣང་ཕྲ་མོའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་འགག་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་དང་། བཤེས་གཉེན་ལ་གུས་པ་ནས་མི་སློབ་པའི་ཟུང་འཇུག་གི་བར་གྱི་ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་བདེ་བླག་ཏུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་སྟེང་ནས་གསོལ་བ་འདེབས་པ་དང་། དེ་ནས་བྱང་ཆུབ་སྒྲུབ་པ་ལ་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་སྟེང་ནས་དམིགས་བརྩེ་མ་བགྲངས་ཏེ་གསོལ་བ་འདེབས་པ། ཡང་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་མདོ་སྔགས་ཡོངས་སུ་རྫོགས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་དྲི་མ་མེད་པ་འདི་ཉིད་དང་མཇལ་ཏེ་རྩ་བའི་བླ་མ་དང་དབྱེར་མེད་པའི་རྗེ་ཐམས་ཅད་མཁྱེན་པ་ཁྱོད་ཉིད་ཀྱིས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་གཉེན་མཛད་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་མང་དུ་ཐོས་པ། རང་གིས་ཐོས་པའི་དོན་དེ་རིགས་པ་བཞིའི་སྒོ་ནས་ཡང་དང་ཡང་དུ་བསམ་པ། བསམ་པའི་དོན་དེ་རྒྱུད་ལ་སྦྱར་ནས་ཉམས་སུ་བླངས་ཏེ་སྐྱེས་བུ་ཆུང་ངུའི་སྐབས་ལ་སྐྱབས་འགྲོ་དང་ལས་འབྲས། འབྲིང་གི་སྐབས་ལ་ངེས་འབྱུང་དང་བསླབ་པ་གསུམ། ཆེན་པོའི་སྐབས་སུ་བྱང་ཆུབ་ཀྱི་སེམས་དང་དབུ་མའི་ལྟ་བ། སྔགས་བླ་མེད་ཀྱི་སྐབས་སུ་ལམ་རིམ་པ་གཉིས་ལ་སོགས་པའི་རྟོགས་པ་ཐམས་ཅད་རང་གི་རྒྱུད་ལ་མངོན་དུ་གྱུར་ཏེ། སྐལ་ལྡན་རྗེས་སུ་འཛིན་པའི་ཐབས་འཆད་པ། ལོག་སྨྲ་ཚར་གཅོད་པའི་ཐབས་རྩོད་པ། མཁས་པ་མགུ་བ་སྐྱེད་པའི་ཐབས་རྩོམ་པའི་སྒོ་ནས་རྗེ་ཐམས་ཅད་མཁྱེན་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པའི་སྙིང་བོ་འདི་ཉིད་སྤེལ་བ་དང་། ཞི་རྒྱས་དབང་དྲག་གི་འཕྲིན་ལས་བཞིའི་སྒོ་ནས་བསྟན་པ་རིན་པོ་ཆེ་འདི་ཉིད་སྲུང་བ་ལ་ལུས་དང་སྲོག་ལ་ལྟོས་པ་མེད་པར་སྙིང་སྟོབས་ཕུལ་དུ་སོན་པ་རྗེ་བླ་མ་ཁྱོད་དང་འདྲ་བར་བྱིན་གྱིས་རློབས་ཤིག་སྙམ་པའི་སྒོ་ནས་དམིགས་བརྩེ་མ་བགྲང་བར་བྱ། ཡང་གནས་སྐབས་བྱང་ཆུབ་སྒྲུབ་པའི་བར་ཆད་ནད་གདོན་སོགས་སེལ་བ་དང་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་ཚེ་རིང་བ་ལ་སོགས་པ་སྐྱེ་བ་ཕྱི་མ་སོགས་སུ་ཡང་དལ་འབྱོར་གྱི་ཨང་ཀ་མི་འཁྲུགས་པ་རྣམ་སྨིན་ཡོན་ཏན་བརྒྱད་ལྡན་དང་མཐོ་རིས་ཡོན་ཏན་བདུན་ལྡན་གྱི་རྟེན་བཟང་ཁྱད་པར་ཅན་ཡང་དང་ཡང་དུ་རྙེད་པ། རྙེད་པ་ཙམ་དུ་མ་ཟད་བསྟན་པའི་སྙིང་བོ་རྗེའི་བསྟན་པ་འདི་དང་མཇལ། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་མགོན་གྱིས་ཟིན། རང་གིས་དེའི་སྟེང་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་པ་རྒྱ་ཆེན་པོ་བྱས། ཐོས་པའི་དོན་དེར་ལྟོས་པའི་རིགས་པ་ལ་སོགས་པའི་རིགས་པ་བཞིས་ཡང་དང་ཡང་དུ་བསམ། བསམ་པ་ཙམ་དུ་མ་ཟད་བསམ་པའི་དོན་དེ་སྒྲུབ་པས་ཉམས་སུ་བླངས། དེ་འདྲའི་སྟེང་ནས་ཟུང་འཇུག་གི་གོ་འཕང་བདེ་བླག་ཉིད་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ། དེ་ལྟར་གནས་སྐབས་དང་མཐར་ཐུག་གི་འདོད་དོན་མང་པོར་དམིགས་ནས་གསོལ་འདེབས་ཇི་ལྟར་བྱས་ཀྱང་ཆོག འདི་འདྲའི་སྟེང་ནས་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ལ་གསོལ་བ་འདེབས་ཚུལ་མཚོན་བྱེད་ཙམ་བཀོད་པ་ཡིན་ལ་འདིས་ཁྱད་པར་ཕྱེ་ནས་གསོལ་འདེབས་བྱེད་ཚུལ་གྱི་དམིགས་སྐོར་ཇི་སྙེད་གསུངས་པ་ཐམས་ཅད་འདིར་བླང་བར་བྱ་ཡི་དམིགས་སྐོར་ཐམས་ཅད་གཞུང་གཅིག་གི་སྟེང་ནས་བཤད་མི་ནུས་པ་ཡིན། རང་གི་བློ་སྣ་ཆོས་ལ་ཕྱོགས་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ། ལམ་ལ་བར་ཆད་མེད་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ། བྱང་ཆུབ་སྒྲུབ་པ་ལ་ཕྱི་ནང་གསང་གསུམ་གྱི་རྐྱེན་ངན་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་དམིགས་པའི་སྟེང་ནས་དམིགས་བརྩེ་མའི་གསོལ་འདེབས་བྱས། གསོལ་བ་འདེབས་པའི་ཚེ་འདི་འདྲའི་འདོད་དོན་དེར་དམིགས་ཏེ་གསོལ་བ་འདེབས་པ་གལ་ཆེ་བ་རེད་མ་གཏོགས་སེམས་རྣམ་གཡེང་སོགས་ཀྱི་སྟེང་ནས་གསོལ་འདེབས་བྱས་ན། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན།། ཡུན་རིང་དུས་སུ་སྤྱད་བྱས་ཀྱང་།། སེམས་གཞན་གཡེང་བས་བྱས་པ་ནི།། དེ་ཉིད་རིགས་པས་དོན་མེད་གསུངས།། ཞེས་གསུངས་པ་ལྟར་གསོལ་འདེབས་མང་དུ་བྱས་ཀྱང་གནད་དུ་འགྲོ་དཀའ། ལྷའི་བསྙེན་པ་སོགས་ལ་བསྡད་ནའང་སྐབས་དེ་ན་བཤད་པའི་བཟླས་པ་བྱེད་ཚུལ་གྱི་རིམ་པ་ཞིག་ཡོད། དེ་མིན་པར་དེའི་སྐབས་ན་མི་ཡོང་བའི་དམིགས་སྐོར་གཞན་པ་དོན་མཆོག་ཏུ་གྱུར་བ་ཞིག་ཡིན་ནའང་དེ་བསམ་ནས་བཟླས་པ་བྱས་ཀྱང་མི་འགྲིག་པ་ཡིན། ལེ་ལོ་འདོད་ཆགས་མི་དགེ་ལྡན་པའི་སེམས།། གང་དང་གང་དུ་གཡེང་ཞིང་རྒྱུ་བ་དག། དེ་དང་དེ་ལས་མྱུར་དུ་ལྡོག་ནས་ནི།། གསང་སྔགས་ཡི་གེ་མཆོག་ལ་ལེགས་པར་སྦྱར།། ཞེས་དཔུང་བཟང་གི་རྒྱུད་སོགས་ན་ཡོད་པ་འདི་དྲངས་ཡོད། བཟླས་པ་བྱེད་པའི་སྐབས། དེའི་དམིགས་སྐོར་དེ་དང་དེ་ལ་དམིགས། དམིགས་པ་དེ་ལ་སྦྱར་ནས་གསོལ་བ་བཏབ། དེ་ལྟར་བཟླས་པ་བྱས་པ་ཡིན་ན་ཉུང་ཉུང་ཞིག་བཏོན་ནའང་གནད་དུ་འགྲོ་བ་ཡིན། དེ་མིན་པར་ལེ་ལོའི་དབང་གིས་སེམས་གཡེང་བ་དང་། རྒོད་པ་སོགས་འདོད་ཆགས་ཀྱི་ཆར་གཏོགས་ཀྱིས་སེམས་གཡེང་བ། མི་དགེ་བའི་སེམས་ཀྱིས་སེམས་གཡེང་བའི་སྟེང་ནས་བཟླས་པ་བྱས་ན་གནད་དུ་མི་འགྲོ་བས་ཤེས་བཞིན་གྱི་སྟེང་ནས་བདག་སེམས་དམིགས་པ་འདིའི་སྟེང་ནས་མ་བསྡད་པར་འདིའི་ཕྱོགས་སུ་གཡེང་སོང་སྙམ་དུ་ཤེས་པར་བྱས་ནས་མྱུར་དུ་སེམས་དེ་ཕྱིར་བཀུག་ཏེ་སྐབས་དེའི་དམིགས་པ་དེའི་ཕྱོགས་སུ་རང་སེམས་སྦྱོར་དགོས་གསུངས་པ་རེད། དེ་ནས་དངོས་གྲུབ་ཞུ་བའི་དམིགས་པ་བྱ་ཚུལ་ལ་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཤེས་རབ་ཀྱི་དངོས་གྲུབ་ཞུ་བ་དང་། ཐུན་མོང་བའི་དངོས་གྲུབ་ལམ་ཡོངས་རྫོགས་ཀྱི་རྟོགས་པ་རྒྱུད་ལ་སྐྱེ་བའི་བྱིན་རླབས་ཞུ་བ་གཉིས་ཡོད། ཐུན་མོང་མ་ཡིན་པ་ཤེས་རབ་ཀྱི་དངོས་གྲུབ་ཞུ་ཚུལ་ནི། མ་དག་འཁྲུད་དང་མི་ཤེས་བསལ།། སྐུ་ཡིས་ཆེ་ཞིང་གསུང་གིས་གསལ།། ས་བོན་མྱུར་བ་ཕྱག་མཚན་ཟབ།། གླེགས་བམ་རལ་གྲི་གླེགས་རལ་གྱིས།། འཆད་དང་རྩོད་དང་རྩོམ་པའོ།། ཞེས་མ་དག་པ་འཁྲུད་པའི་དམིགས་པ། མི་ཤེས་པ་བསལ་བའི་དམིགས་པ། སྐུའི་སྒོ་ནས་ཤེས་རབ་ཆེ་བ་སྒྲུབ་པ། གསུང་གི་སྒོ་ནས་གསལ་བ། ས་བོན་གྱི་སྒོ་ནས་མྱུར་བ། ཕྱག་མཚན་གྱི་སྒོ་ནས་ཟབ་པ། གླེགས་བམ་གྱི་སྒོ་ནས་འཆད་པ། རལ་གྲིའི་སྒོ་ནས་རྩོད་པ། གླེགས་བམ་དང་རལ་གྲི་གཉིས་ཀྱི་སྒོ་ནས་རྩོམ་པའི་དངོས་གྲུབ་ཞུ་ཚུལ་སོགས་ཁྲིད་ཡིག་རྒྱས་པ་དག་ན་ཡོད། འདི་ནས་ཐམས་ཅད་ཀྱི་དམིགས་སྐོར་ཕྱོགས་གཅིག་ཏུ་བཤད་ན། རྒྱལ་བའི་གསུང་རབ་མཐའ་དག་གི་དགོངས་དོན་ཇི་བཞིན་དུ་འབྱེད་པ་ལ་ཤེས་རབ་ཆེ་བ་གསལ་བ་མྱུར་བ་ཟབ་པའི་ཤེས་རབ་དང་སྐལ་ལྡན་རྗེས་སུ་འཛིན་པ་དང་ལོག་སྨྲ་ཚར་གཅོད་པ་དང་མཁས་པ་མགུ་བ་བསྐྱེད་པའི་ཡན་ལག་ཏུ་འཆད་རྩོད་རྩོམ་པའི་ཤེས་རབ་མཐའ་དག་བསྩལ་ཏུ་གསོལ་སྙམ་པའི་སྟེང་ནས་གསོལ་འདེབས་བྱས། རང་གི་མདུན་གྱི་ནམ་མཁར་སྤྱན་དྲངས་པའི་རྗེ་ཡབ་སྲས་ཀྱི་སྐུའི་སྟེང་ནས་བདུད་རྩིའི་རྒྱུན་དཀར་བོ་འོད་ཀྱི་སྦུ་གུ་བརྒྱུད་ནས་རང་གི་སྤྱི་གཙུག་གི་ཚངས་བུག་ནས་མར་ལུས་ཀྱི་ནང་དུ་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་སྤྱི་དང་ནང་སྒོས་སུ་ཆེ་གསལ་མྱུར་ཟབ་ལ་སོགས་པའི་ཤེས་རབ་ཀྱི་གེགས་ཏེ་མི་ཤེས་པ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པ་དང་སྦལ་ལྕོང་དང་སྡོམ་སྡིག་དང་རྣག་ཁྲག་གི་རྣམ་པ། ངོ་བོའི་སྟེང་ནས་ནད་གདོན་སྡིག་སྒྲིབ་ཆེ་གསལ་མྱུར་ཟབ་ཀྱི་ཤེས་རབ་ཀྱི་གེགས་མི་ཤེས་པ་ལ་སོགས་པ་ཡིན་པ་ལ་རྣམ་པ་དུད་ཁུ་དང་སོལ་ཁུ་སྦལ་ལྕོང་སྡོམ་སྡིག་རྣག་ཁྲག་གི་རྣམ་པར་གྱུར་བ་དེ་བདུད་རྩི་དཀར་བོ་དེས་དེད་ནས་མི་གཙང་བའི་བུམ་པ་ཆུས་བཀྲུས་པ་བཞིན་དུ་དབང་བོའི་སྒོ་ཐམས་ཅད་ནས་ཐོན་ཏེ་རང་གི་འོག་ཏུ་རང་གི་ལས་དབང་གིས་གྲུབ་པའི་འཆི་བདག་སྲིན་པོ་ཞིག་ཁ་གདངས་ཏེ་ཡོད་པ་དེའི་ཁའི་ནང་དུ་མི་གཙང་བ་དེ་དག་ཐམས་ཅད་སོང་བ་ན་དེའི་ཡིད་ཚིམ་ནས་ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཅད་པ་ལྟར་བསམ་ན་ཚེ་སྒྲུབ་ཡང་དེ་ལས་ལྷག་པ་མེད་ཞེས་ཁྲིད་ཡིག་སོགས་ན་གསུངས་ཡོད། བདུད་རྩི་འབེབས་སྦྱང་གི་སྟེང་ན་མི་མཐུན་ཕྱོགས་སྦྱོང་བའི་དམིགས་པ་དང་མཐུན་ཕྱོགས་རྒྱས་པའི་དམིགས་པ་སྟེ་དམིགས་རིམ་གཉིས་ཡོད། གོང་གི་འདི་མི་མཐུན་ཕྱོགས་སྦྱོང་བའི་དམིགས་པ་ཡིན། མཐུན་ཕྱོགས་རྒྱས་པའི་དམིགས་པ་ནི། རང་གི་ལུས་དྭངས་གསལ་འོད་གྱི་རང་བཞིན་ཅན་དུ་གྱུར་ནས་ཚེ་བསོད་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་སོང་སྙམ་པའི་དམིགས་པ་དེ་འདྲ་ལ་ཟེར། བླང་དོར་གྱི་གནས་རྣམས་རང་སྟོབས་ཀྱིས་འབྱེད་ནུས་པའི་ཤེས་རབ་རླབས་ཆེ་བ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆ་ཤས་ཕྲ་ཞིང་ཕྲ་བ་རྣམས་མ་འདྲེས་པར་འབྱེད་ནུས་པའི་ཤེས་རབ་གསལ་བ། མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་བསམ་པ་སྐྱེས་མ་ཐག་ཏུ་འགོག་ནུས་པའི་ཤེས་རབ་མྱུར་བ། གཞན་གྱིས་ཚད་གཟུང་མི་ནུས་པར་གསུང་རབ་ཀྱི་ཚིག་དོན་ལ་གཏུགས་པ་མེད་པར་འཇུག་པའི་ཤེས་རབ་ཟབ་པ། སྐལ་ལྡན་གྱི་གདུལ་བྱ་རྣམས་རྗེས་སུ་འཛིན་པའི་ཐབས་ལེགས་པར་གསུངས་པའི་དོན་མ་ལུས་པ་ལ་ཐོགས་པ་མེད་པའི་འཆད་པའི་ཤེས་རབ། ལོག་པར་སྨྲ་བའི་རྒོལ་བ་མཐའ་དག་ཚར་གཅོད་པའི་ཐབས་གསུང་རབ་ཀྱི་དོན་མ་ལུས་པ་གཏན་ལ་འབེབས་པ་ལ་འགྲན་ཟླ་མེད་པའི་རྩོད་པའི་ཤེས་རབ། མཁས་པའི་སྐྱེ་བོ་རྣམས་མགུ་བར་བྱེད་པའི་ཐབས་སྙན་ངག་སྨྲ་བ་ལ་མཚུངས་ཟླ་མེད་པའི་རྩོམ་པའི་ཤེས་རབ་སོགས་སྩལ་ཏུ་གསོལ་སྙམ་དུ་ཡིད་ཀྱིས་བསམ་ཏེ་དམིགས་བརྩེ་མ་བརྗོད་བཞིན་གསོལ་བ་ཕུར་ཚུགས་སུ་བཏབ་པས་རྗེ་ཡབ་སྲས་ཀྱི་ཐུགས་ཀ་ནས་འོད་ཀྱི་སྦུ་གུ་བརྒྱུད་དེ་བདུད་རྩི་དམར་སེར་གྱི་རྒྱུན་བབས། ལུས་ཀྱི་ནང་ཐམས་ཅད་གང་། འོད་ཟེར་གྱི་རྡུལ་ཕྲ་རབ་ཚུན་ཆད་འཇམ་དཔལ་ཞི་དྲག་ཡབ་ཡུམ་དང་རྗེ་ཡབ་སྲས་ཀྱི་སྐུ་ཨ་ར་པ་ཙ། ཧྲྰིཿཥྟྰིཿསྭ་ར་སྭ་སྟི་དམིགས་བརྩེ་མ་ལ་སོགས་པ། ངྷྰིཿ་ཧྲྰིཾ་ཧཱུཾ་མཾ་ལ་སོགས་པའི་ས་བོན། གྲི་གུག་རལ་གྲི་གླེགས་བམ་པི་ཝང་ལ་སོགས་པའི་ཕྱག་མཚན། རལ་གྲིའི་འཁོར་ལོ་རྩིབས་དྲུག་པ་ལ་གླེགས་རལ་སྦྲེལ་བའི་རྣམ་པར་གྱུར་ནས་ལུས་ཀྱི་ནང་ཐམས་ཅད་གང་། འོད་ཟེར་བ་སྤུའི་སྒོ་ནས་ཕྱིར་འཕྲོས། རྒྱལ་བ་ཐམས་ཅད་མཆོད། དེ་དག་གི་ཐུགས་རྒྱུད་ཀྱི་ཆེ་གསལ་མྱུར་ཟབ་ཀྱི་ཤེས་རབ་ས་བོན་ལ་སོགས་པ་སྔར་དང་འདྲ་བར་སྤྱན་དྲངས་ནས་ལུས་ཀྱི་ནང་དུ་ཐིམ། དེ་ནས་འོད་ཟེར་དམར་སེར་འཕྲོས་ནས་རང་རྒྱུད་ཀྱི་མི་ཤེས་པ་ཐམས་ཅད་མིང་ཙམ་ཡང་མེད་པར་བསལ། དེ་ལས་ཀྱང་འོད་ཟེར་འཕྲོས་ཏེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྗེ་བཙུན་འཇམ་དབྱངས་དང་མཉམ་པའི་ཤེས་རབ་སྐྱེས་སོང་སྙམ་དུ་བསམ་མོ།། དེ་འདྲའི་བདུད་རྩི་འབེབས་སྦྱངས་ཀྱི་དམིགས་པ་དང་འོད་ཟེར་སྤྲོ་བསྡུའི་དམིགས་པའི་སྟེང་ནས་གསོལ་བ་འདེབས། འདི་ཐུན་མོང་མ་ཡིན་པ་ཤེས་རབ་ཀྱི་དངོས་གྲུབ་ཞུ་བའི་དམིགས་སྐོར་ཡིན། དེ་ནས་ཐུན་མོང་བ་ལམ་ཡོངས་རྫོགས་ཀྱི་བྱིན་རླབས་ཞུ་བ་ནི། དམིགས་བརྩེ་མའི་གསོལ་འདེབས་བཏོན་པའི་རྗེས་ནས་ཡོན་ཏན་གཞིར་གྱུར་མ་དང་རྗེའི་ཉམས་མགུར་སོགས་བཏོན་ནས་ལམ་ཡོངས་རྫོགས་ཀྱི་བྱིན་རླབས་ཞུ་བ་ཡིན། དེ་ནས་མཇུག་གི་རིམ་པ་ནི། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།། བདག་གི་སྤྱི་བོར་པད་ཟླའི་སྟེང་བཞུགས་ལ།། བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་ཏུ་གསོལ།། ཞེས་གསོལ་འདེབས་དང་པོའི་སྐབས་ལ་སྔར་ཚོགས་ཞིང་སྤྱན་འདྲེན་པའི་དུས་སུ་ཀུན་འདུས་ནོར་བུའི་ལུགས་ཀྱིས་རྗེ་ཡབ་སྲས་གསུམ་སྤྱན་དྲངས་པ་ཡིན་ན་སྲས་གཉིས་གཙོ་བོ་ལ་ཐིམ་སེང་ཁྲི་གཉིས་ཀྱང་གཙོ་བོའི་སེང་ཁྲི་ལ་ཐིམ་པའི་མོས་པ་བྱེད་དགོས། དེ་མིན་པར་ཚོགས་ཞིང་སྤྱན་འདྲེན་པའི་སྐབས་སུ་དགའ་ལྡན་གྱི་གནས་ནས་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོ་བསྟན་སྲུང་ཡེ་ཤེས་པའི་ཚོགས་ཐམས་ཅད་རྗེ་ཡབ་སྲས་དང་ལྷན་ཅིག་ཏུ་དགའ་ལྡན་ནས་སྤྱན་དྲངས་པ་ཡིན་ན་དེ་ཐམས་ཅད་སྲས་གཉིས་ལ་ཐིམ། སྲས་གཉིས་རྗེ་བླ་མ་ལ་ཐིམ་པའི་མོས་པ་བྱེད་དགོས། ཡང་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་ཞེས་སོགས་གསོལ་འདེབས་གཉིས་པའི་སྐབས་སུ་རྗེ་བླ་མ་སེང་ཁྲི་དང་བཅས་པ་རང་གི་སྤྱི་བོར་སྤྱན་འདྲེན། རང་གི་སྤྱི་བོ་ན་རྩ་དབུ་མའི་ཡར་སྣེ་རྒྱ་མཐོངས་ཁ་ཕྱེ་བ་ལྟར་ཡོད་པ་དེའི་སྟེང་དུ་སྤྱན་དྲངས། མདུན་གྱི་ནམ་མཁའི་རྗེ་བླ་མ་རང་གི་སྤྱི་བོར་སྤྱན་དྲངས་པའི་སྐབས་དེར་ཡང་རྒྱས་པ་བྱས་ན། ཡན་ལག་བདུན་པ་དང་མཎྜལ་འབུལ། དེའི་རྗེས་སུ་ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཞེས་སོགས་ཀྱིས་ཕུར་ཚུགས་གསོལ་འདེབས་བྱས་ཀྱང་ཆོག ཡང་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།། བདག་གི་སྙིང་གར་པདྨའི་སྟེང་བཞུགས་ལ།། ཞེས་སོགས་ཀྱི་གསོལ་འདེབས་གསུམ་པའི་སྐབས་སུ་རང་གི་སྤྱི་བོར་སྤྱན་དྲངས་ཡོད་པའི་རྗེ་བླ་མ་དེ་ཉིད་རང་གི་ལུས་ཀྱི་སྟེང་གི་རྩ་དབུ་མ་དེ་ལུས་ཀྱི་གཞུང་ཤིང་སྟེ་སྲོག་ཤིང་གི་ཚུལ་དུ་ཡོད་པའི་རྩ་དབུ་མའི་ནང་བརྒྱུད་དེ་རང་གི་སྙིང་པདྨ་འདབ་བརྒྱད་ཁ་ཕྱེ་བ་དེའི་དབུས་ན་མི་ཤིགས་པའི་གཉུག་མའི་རླུང་སེམས་ཕྲ་མོ་ཡོད་པ་དེ་དང་ངོ་བོ་དབྱེར་མེད་དུ་སོང་ནས་རྗེ་བླ་མ་དང་རང་སེམས་དབྱེར་མེད་དུ་གྱུར་ཏེ་དགྱེས་བཞིན་དུ་བཞུགས་པར་བསམ་དགོས། སྙིང་པདྨ་འདབ་བརྒྱད་དུ་གྱེས་ཡོད་པ་དེ་ཇེ་ཆེ་ཇེ་ཆེར་སོང་ནས་པད་བུམ་གྱི་ཚུལ་དུ་ཁ་འུབས་ཀྱིས་འདུས། རྗེ་བླ་མའི་ཐུགས་ཀའི་ས་བོན་ཧཱུཾ་ཡིག་དེ་སེམས་དཔའ་སུམ་བརྩེགས་ཀྱི་དབང་དུ་བྱས་ན་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས། སྙིང་གི་རྩེ་མོར་མི་བསྐྱོད་པའི་ངོ་བོ་རྡོ་རྗེ་སྔོན་པོ་ཕྱེད་པ་རི་རབ་ལས་ལྕི་བ་ཞིག་གིས་མནན། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ཏེ་འོད་ཟེར་རྡོ་རྗེ་རྩེ་ལྔ་བའི་དབུས་རྭའི་ནང་དུ་ཞུགས། བླ་མ་དང་མི་བསྐྱོད་པའི་ངོ་བོ་ཧཱུཾ་ཡིག་གྱེན་འགྲེང་གིས་མཚན་པ་བྱུང་། ཧཱུཾ་ཡིག་གྱེན་འགྲེངས་དེ་ལས་འོད་ཟེར་འཕྲོས། སྔགས་ཕྲེང་བ་དང་འོད་ཟེར་ཕྲེང་ཐག་གི་རྣམ་པའི་སྟེང་ནས་ཨ་ར་པ་ཙ་དང་དམིགས་བརྩེ་མ། དབྱངས་བཅུ་དྲུག་དང་གསལ་བྱེད་སོ་བཞི་རྣམས་འོད་ཟེར་གྱི་ཕྲེང་ཐག་ཏུ་བརྒྱུས་པའི་སྟེང་ནས་པད་བུམ་གྱི་ཕྱི་ནས་དཀྲིས་ཏེ་བཅིངས་པས་སྙིང་རླུང་སོགས་མི་ཞུགས་པའི་དགོས་པ་ཆེ་གསུངས། སླར་ཡང་སྙིང་གའི་པདྨའི་སྟེང་བཞུགས་ལ་ཞེས་པ་དེ་སྔར་སྤྱན་དྲངས་པའི་དེ་མིན། མདུན་གྱི་ནམ་མཁའ་ནས་སྤྱི་གཙུག་ཏུ་སྤྱན་དྲངས། དེ་ནས་སྙིང་གའི་པདྨ་འདབ་བརྒྱད་ཀྱི་སྟེང་དུ་སྤྱན་དྲངས་པའི་རྒྱུ་མཚན་གྱིས་སླར་ཡང་ཞེས་སྦྱར་བ་ཡིན་ཞེས་གཡུ་རྔོག་བླ་མཆོད་ཊྰིཀྐ་ན་གསུངས། དུས་རྟག་ཏུ། འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ་བླ་མ་སྙིང་དབུས་ན་བཞུགས་པ་དེའི་ཕྱིར་གཞན་གྱིས་རང་ལ་ཕྱག་འཚལ་བའི་སྐབས་སུའང་རང་གི་སྙིང་གའི་བླ་མ་ལ་ཕྱག་འཚལ་བ་དང་རང་གིས་ཕར་བྱིན་རླབས་སོགས་སྦྱིན་པའི་དུས་སུ་ཡང་སྙིང་གའི་རྗེ་བླ་མའི་བྱིན་རླབས་དེ་ཕར་ཞུགས་པ་དེ་འདྲའི་མོས་པ་བྱས་ན་རྟེན་འབྲེལ་གྱི་གནད་ཤིན་ཏུ་ཆེ་བ་ཡིན། དེའི་རྗེས་སུ་ཐོག་མཐའ་གཉིས་ལ་བྱ་བ་གཉིས་ཞེས་པའི་བསྔོ་བ་ནི། རང་གིས་བླ་མའི་རྣལ་འབྱོར་ཉམས་སུ་བླངས་པའི་དགེ་བ་འདིས་མཚོན་པའི་དུས་གསུམ་བསགས་པའི་དགེ་བ་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་འདོད་དོན་སྨོན་གནས་རྣམས་སུ་བསྔོ་བ་ལ་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་མཛད་པའི་འདིའི་དམིགས་བསལ་གྱི་བསྔོ་བ་ཡོད། དེ་ནས་བཟང་བོ་སྤྱོད་པའི་སྨོན་ལམ་སོགས་དང་། ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་བས།། ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས།། རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས།། སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག། ཅེས་པའི་བསྔོ་བ་མདོར་བསྡུས་སོགས་རང་གིས་གང་མོས་ཀྱི་བསྔོ་བ་དང་སྨོན་ལམ་རྒྱས་འདེབས་བྱེད་པ་གལ་ཆེ་བ་ཡིན། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་བོ་མ་ནོར་ཀུན་ནས་གསལ་མཛད་པ།། ཡབ་རྗེ་བླ་མར་གསོལ་བ་འདེབས་པའི་དགའ་ལྷའི་མན་ངག་བྱིན་ཅན་འདི།། རྩ་བའི་བླ་མའི་གསུང་གི་འགྲོས་ལྟར་ཇི་བཞིན་བཀོད་པའི་དགེ་བ་འདིས།། མར་གྱུར་འགྲོ་རྣམས་སྲིད་ལས་གྲོལ་ཏེ་ཟུང་འཇུག་གོ་འཕང་མྱུར་འཐོབ་ཤོག། ཅེས་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཟིན་བླ་མའི་གསུང་འགྲོས་ལྟར་བཀོད་པ་བྱིན་རླབས་ཀྱི་འཇུག་སྒོ་ཞེས་བྱ་བ་འདི་ནི་གཞུང་རིག་གང་ལའང་གཞན་དྲིང་མི་འཇོག་པའི་མཁས་པའི་དབང་བོ་དགེན་དམ་པ་༧རོང་བོ་ཨ་ཁུ་བློ་བཟང་ཆོས་གྲགས་ཚང་གིས་ཐུགས་བརྩེ་བ་ཆེན་པོས་ཟབ་གསུང་བདུད་རྩིའི་ཉིང་ཁུ་ལྟ་བུ་གནང་བ་དེ་ཉིད་བརྗེད་དུ་ཕངས་ནས་ཉིད་ཀྱི་སློབ་བུའི་གྲལ་མཐའ་བ་མར་ནང་དགེ་འདུན་རྒྱལ་མཚན་གྱིས་སུག་ལས་སུ་བགྱིས་པ་འདིས་ཀྱང་སྐྱེ་བ་ཀུན་ཏུ་རྒྱལ་བ་འཇམ་དཔལ་སྙིང་བོས་རྗེས་སུ་འཛིན་གྱུར་ཅིག། །།
ཐུགས་རྗེ་ཆེ།   http://blog.amdotibet.cn/jiancan8/archives/121791.aspx

Friday, 19 January 2018

བླ་མའི་རྣལ་འབྱོར།


 བླ་མའི་རྣལ་འབྱོར།

སྐྱབས་འགྲོ་སེམས་བསྐྱེད་བྱ། 
མདུན་གྱི་ནམ་མཁའི་གནས་སུ། སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། སྣ་ཚོགས་པད་མ་དང་ཟླ་བ་དང་ཉི་མའི་གདན་ལ། རྩ་བའི་བླ་མ། ངོ་བོ་བླ་མ་ལ། རྣམ་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་རྡོ་རྗེ་དང་། གཡོན་པས་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། དབུ་སྐྲ་རལ་བ་ཐོར་ཚུགས་སུ་བྱས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས། དེ་ཉིད་ལ་ཐིམ། མཁའ་འགྲོ་ཆོས་སྐྱོང་དྲག་པོའི་མཚོན་ཆ་སྣ་ཚོགས་བཟུང་ནས། རང་གི་ཕྱོགས་བཞི་མཚམས་དང་བརྒྱད། སྟེང་འོག་གཉིས་དང་བཅུར་གནས་པས། རང་གི་བར་ཆད་ཐམས་ཅད་སེལ་བར་གྱུར། 
མཎྜལ་ཕུལ། གསོལ་བ་བཏབ་པས། བླ་མའི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་བྱུང་རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་སྒྲིབ་དག བུམ་པའི་དབང་ཐོབ། སྐུའི་དབྱིབས་ཞུགས། མགྲིན་པའི་ཨཱཿ་དམར་པོ་ལས་འོད་ཟེར་དམར་པོ་བྱུང་། རང་གི་མགྲིན་པར་ཐིམ། ངག་གི་སྒྲིབ་པ་དག གསང་བའི་དབང་ཐོབ། གསུང་གི་དབྱིབས་ཞུགས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྔོན་པོ་བྱུང་། རང་གི་སྙིང་ཁར་ཐིམ། སེམས་ཀྱི་སྡིག་སྒྲིབ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་དབྱིབས་ཞུགས། སྐུ་གསུང་ཐུགས་ཀྱི་ཡེ་གེ་གསུམ་ལས། འོད་ཟེར་དཀར་དམར་སྔོ་གསུམ་བྱུང་། རང་གི་ལུས་ངག་ཡིད་གསུམ་སྤྱི་ལ་ཐིམ། ལུས་ངག་ཡིད་གསུམ་སྤྱིའི་སྡིག་སྒྲིབ་དང་། བག་ཆགས་ཀྱི་སྡིག་སྒྲིབས་ཐམས་ཅད་སྦྱངས། དབང་བཞི་པ་ཆིག་དབང་རིན་པོ་ཆེ་ཐོབ། སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོའི་དབྱིབས་ཞུགས་པར་བསམ་ལ། རང་ཐ་མལ་དུ་གནས་པའི་རྣམ་པར་ཤེས་པ་ཧཱུཾ་དུ་གྱུར་པ་སྤྱི་བོ་ཚངས་བུག་ནས་ཐོན་པ། རྡོ་རྗེ་རྣལ་འབྱོར་མ་དམར་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པར་གྱུར། 
རང་གི་མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ། གཞུའི་དབྱིབས་ཅན། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེད་པུ་གསུམ། རྡོ་རྗེ་རྣལ་འབྱོར་མས་རང་གི་ལུས་ཐ་མལ་དུ་གནས་པའི་སྨིན་མཚམས་ནས་བྲེག་པའི་ཐོད་པ། མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་བཀལ་བས། སྟོང་གསུམ་འཇིག་རྟེན་གྱི་ཁམས་དང་མཉམ་པར་གྱུར། ལག་པ་གཡོན་པ། རྐང་པ་གཡོན་པ། ལག་པ་གཡས་པ། རྐང་པ་གཡས་པ། བུམ་ལྡིར་རྣམས་རིམ་པ་བཞིན་དུ། ཐོད་པའི་ནང་དུ་བསྐྱུར། འོག་གི་རླུང་གཡོས་མེ་སྦར། ཐོད་པའི་རྫས་རྣམས་བསྐོལ་བའི་ནང་དུ། ཨོཾ་ཨཱཿཧཱཾ་གསུམ་གྱི་ཡི་གེ་གསུམ་གནས་པ་ལས་འོད་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། ཡི་གེ་གསུམ་ལ་ཐིམ། ཡི་གེ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་བས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། 
རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀ་ནས། རྡོ་རྗེ་རྣལ་འབྱོར་མ་ཐོད་པ་ཐོགས་པ་དཔག་ཏུ་མེད་པ་འཕྲོས། ཐོད་པའི་ནང་གི་བདུད་རྩི་ཐོད་ཕོར་གྱིས་བཅུས་ཏེ། རྩ་བའི་བླ་མ་ལ་དྲངས། ཐུགས་དགྱེས་པར་བསམ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ་དྲངས། དེ་རྣམས་ཐུགས་དགྱེས། མཁའ་འགྲོ་ཆོས་སྐྱོང་དཔག་ཏུ་མེད་པ་ལ་དྲངས། དེ་རྣམས་ནུས་པ་དང་ལྡན་པར་གྱུར། གཞན་ཡང་རིགས་དྲུག་སེམས་ཅན་ཐམས་ཅད་ལ་དྲངས། དེ་རྣམས་སྡུག་བསྔལ་མཐའ་དག་དང་བྲལ་བར་གྱུར། གནོད་བྱེད་འབྱུང་པོ་ལན་ཆགས་རྣམས་ལ་དྲངས། དེ་རྣམས་གནོད་པ་དང་། གདུག་པའི་བསམ་པ་ཐམས་ཅད་དང་བྲལ་བར་གྱུར། 
རིགས་དྲུག་ཕྱིན་གྱི་མགྲོན་སྟོང་པ་ཉིད་དུ་གྱུར། 
རྡོ་རྗེ་རྣལ་འབྱོར་མ་ཐམས་ཅད་ཀྱང་རང་ལ་ཐིམ། བླ་མ་ཁྲི་དང་བཅས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་དུ་ཞུ་ནས། རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར། རང་ཡང་འོད་དུ་ཞུ་ནས་སྟོང་པ་ཉིད་དུ་གྱུར། དམིགས་མེད་ཀྱི་ངང་ལ་བཞག བསྔོ་བ་སྨོན་ལམ་བྱ། 
ཅེས་པའི་བླ་མའི་རྣལ་འབྱོར་ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ། །

Wednesday, 4 October 2017

བློ་སྦྱོང་ཚིགས་བརྒྱད་མ་རྩ་འགྲེལ།

བློ་སྦྱོང་ཚིགས་བརྒྱད་མ་རྩ་འགྲེལ།

ན་མོ་གུ་རུ། 
བླ་མ་སྤྱན་རས་གཟིགས་དབང་གི །
ཞབས་ཀྱི་པད་མོར་གུས་བཏུད་ནས། །
ཐེག་ཆེན་བློ་སྦྱོང་ཚིག་བརྒྱད་མའི། །
འབྲུ་འབྲེལ་ཙམ་ཞིག་འབྲི་བར་བྱ། །

དེ་ལ་ཚིགས་བཅད་དང་པོའི་དོན་ནི། 
བདག་ནི་སེམས་ཅན་ཐམས་ཅད་ལ།། 
ཡིད་བཞིན་ནོར་བུ་ལས་ལྷག་པའི།། 
དོན་མཆོག་སྒྲུབ་པའི་བསམ་པ་ཡིས།། 
རྟག་ཏུ་གཅེས་པར་འཛིནཔར་ཤོག། 
མི་གཞན་དག་ཇི་ལྟར་ཡང་གླང་ཐང་པ་བདག་གིས་ནི་ཡུལ་སེམས་ཅན་ཐམས་ཅད་ལ་བརྟེན་ནས་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ཆེས་ལྷག་པའི་དོན་མཆོག་བསྒྲུབ་པར་བྱ་སྙམ་པའི་བསམ་པ་ཡིས་ཀུན་ནས་བསླངས་ཏེ་མ་རྒན་སེམས་ཅན་འདི་ཐམས་ཅད་རྟག་ཏུ་གཅེས་པར་འཛིན་པར་ཤོག། དེ་ལ་དོན་མཆོག་ནི་སངས་རྒྱས་ཀྱི་གོ་འཕང་ཡིན་ལ། དེ་སེམས་ཅན་ལ་བརྟེན་ནས་བསྒྲུབ་ཏུ་ཡོད་པས་ན།སེམས་ཅན་ནི་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ཆེས་ལྷག་པ་ཡིན་ནོ། ། 
ཚིགས་བཅད་གཉིས་པའི་དོན་ནི། 
གང་དུ་སུ་དང་འགྲོགས་པའི་ཚེ།། 
བདག་ཉིད་ཀུན་ལས་དམན་བལྟ་ཞིང༌།། 
གཞན་ལ་བསམ་པ་ཐག་པ་ཡིས།། 
མཆོག་ཏུ་གཅེས་པར་འཛིན་པར་ཤོག། 
གནས་གང་དུ་གྲོགས་སུ་དང་འགྲོགས་པའི་ཚེ་ཡང་བདག་ཉིད་ནི་འགྲོགས་ཡུལ་ཀུན་ལས་དམན་པར་བལྟ་ཞིང༌། གཞན་དག་ལ་ནི་ཁ་ཙམ་མིན་པར་བསམ་པ་ཐག་པ་ཡིས་རང་ལས་མཆོག་ཏུ་བལྟས་ཏེ་གཅེས་པར་འཛིན་པར་ཤོག། མདོར་ན་རང་ལས་དམན་པ་ནི་སུ་ཡང་མེད་སྙམ་དུ་ང་རྒྱལ་དང་ཁེངས་པ་སྐྱུངས་ཏེ་འགྲོ་ཀུན་སྤྱི་བོར་འཁུར་དགོས་པའི་དོན་ནོ། 
ཚིགས་བཅད་གསུམ་པའི་དོན་ནི། 
སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ།། 
རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག། 
བདག་གཞན་མ་རུངས་བྱེད་པས་ན།། 
བཙན་ཐབས་གདོང་ནས་བཟློག་པར་ཤོག། 
འགྲེང་འཆག་ཉལ་འདུག་གི་སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ་དྲན་ཤེས་ཀྱིས་རྟོག་པར་བྱེད་ཅིང༌། བརྟགས་པ་ན་ཉོན་མོངས་སྐྱེས་ནས་འདུག་ན་དེ་མ་ཐག་འདིས་བདག་གཞན་མ་རུངས་པར་བྱེད་ངེས་པས་ན་རང་སོར་བཞག་ག་ལ་རུང་སྙམ་དུ་བཙན་ཐབས་སུ་གདོང་ནས་བཟློག་པར་ཤོག །དོན་བསྡུས་ན། ཉོན་མོངས་སྐྱེས་མ་ཐག་རིག་པར་བྱས་ནས་འབུར་འཇོམས་བྱ་དགོས་པའི་དོན་ནོ།། 
ཚིགས་བཅད་བཞི་པའི་དོན་ནི། 
རང་བཞིན་ངན་པའི་སེམས་ཅན་དང༌།། 
སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།། 
རིན་ཆེན་གཏེར་དང་འཕྲད་པ་ལྟར།། 
རྙེད་པར་དཀའ་བས་གཅེས་འཛིན་ཤོག། 
ཡུལ་དུས་གང་ནའང་རུང་སྟེ་རང་བཞིན་ཤིན་ཏུ་ངན་པའི་སེམས་ཅན་དག་དང༌།དེ་བཞིན་དུ་ཧ་ཅང་ཚབས་ཆེ་བའི་སྡིག་པའི་ལས་ལ་ཞུགས་པ་དང༌། སྡུག་བསྔལ་ཤུགས་དྲག་པོས་ཀུན་ནས་ནོན་པའི་སེམས་ཅན་རྣམས་མཐོང་ཚེ་སྒྱིད་མི་ལུག་པར་དབུལ་པོས་རིན་ཆེན་གཏེར་དང་འཕྲད་པ་ལྟར།སེམས་ཅན་འདི་ལྟ་བུ་ནི་བྱང་ཆུབ་སྒྲུབ་པའི་ཡན་ལག་རྙེད་པར་དཀའ་བས་སོ་སྙམ་དུ་ལྷག་པར་ཡང་གཅེས་པར་འཛིན་པར་ཤོག 
ཚིགས་བཅད་ལྔ་པའི་དོན་ནི། 
བདག་ལ་གཞན་གྱིས་ཕྲག་དོག་གིས།། 
གཤེ་སྐུར་ལ་སོགས་མི་རིགས་པའི།། 
གྱོང་ཁ་རང་གིས་ལེན་པ་དང༌།། 
རྒྱལ་ཁ་གཞན་ལ་འབུལ་བར་ཤོག། 
བདག་ལ་མི་གཞན་གྱིས་ཕྲག་དོག་གིས་ཀུན་ནས་བསླངས་ཏེ་གཤེ་ཞིང་མཚང་འདྲུ་བ་དང་བསྡིགས་ཤིང་སྐུར་ལ་སོགས་ཏེ་ཤིན་ཏུ་མི་རིགས་པའི་གནོད་པ་ཆེན་པོ་ཇི་འདྲ་ཞིག་བྱེད་ནའང་ཅུང་ཟད་ཀྱང་མི་ཁྲོ་བར་གྱོང་དང་ཕམ་ཁ་ཐམས་ཅད་རང་གིས་ལེན་པ་དང༌།ཁེ་དང་རྒྱལ་ཁ་ཐམས་ཅད་གཞན་ལ་འབུལ་ནུས་པར་ཤོག།མདོར་ན་རྒྱལ་ཕམ་རྩོད་པ་ན་ཕམ་ཁ་རང་གིས་ལེན་ཅིང༌།རྒྱལ་ཁ་གཞན་ལ་སྟེར་དགོས་པའི་དོན་ནོ།
 ཚིགས་བཅད་དྲུག་པའི་དོན་ནི། 
གང་ལ་བདག་གིས་ཕན་བཏགས་པའི།། 
རེ་བ་ཆེ་བ་གང་ཞིག་གིས།། 
ཤིན་ཏུ་མི་རིགས་གནོད་བྱས་ནའང༌།། 
བཤེས་གཉེན་དམ་པར་བལྟ་བར་ཤོག། 
མི་གང་ལ་བདག་གིས་ཕར་ཕན་ཆེན་པོ་བདགས་པའི་ལན་དུ་ཚུར་ཡང་ཕན་འདོགས་པའི་རེ་བ་ཆེར་བྱེད་པ་འགའ་ཞིག་གིས་ཕན་ཐོགས་རྒྱུ་ལྟ་ཞོག་གི་དེ་ལས་ལྡོག་སྟེ་ཤིན་ཏུ་མི་རིགས་པའི་གནོད་པ་ཆེན་པོ་བྱེད་ནའང་ཁྲོར་མི་འཇུག་པར་བཟོད་པ་ལ་བསྐུལ་བའི་བཤེས་གཉེན་དམ་པར་བལྟ་བར་ཤོག།དོན་འདི་ལ་འཆད་ཁ་བ་ཆེན་པོས།ཕན་འདགས་ལན་དུ་གནོད་བྱུང་ན།ཡང་ལན་སྙིང་རྗེ་ཆེན་པོ་བསྒོམ། །ཞེས་དང༌། རྒྱལ་སྲས་རིན་པོ་ཆེས།བདག་གིས་བུ་བཞིན་གཅེས་པར་བསྐྱངས་པའི་མིས།བདག་ལ་དགྲ་བཞིན་ལྟ་བར་བྱེད་ན་ཡང༌། །བྱམས་པའི་དབང་གིས་སླར་ཡང་དེ་ཉིད་ཀྱི།ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན།།ཞེས་སོ།
 ཚིགས་བཅད་བདུན་པའི་དོན་ནི།  
མདོར་ན་དངོས་སམ་བརྒྱུད་པ་ཡི།། 
ཕན་བདེ་མ་རྣམས་ཀུན་ལ་འབུལ།། 
མ་ཡི་གནོད་དང་སྡུག་བསྔལ་ཀུན།། 
གསང་བས་བདག་ལ་ལེན་པར་ཤོག། 
གོང་དུ་ཇི་སྐད་བཤད་པ་རྣམས་མདོར་བསྡུས་ན།དངོས་སམ་སྟེ་ད་ལྟ་རང་ལ་ཡོད་པའམ་དེ་མེད་ཀྱང་བརྒྱུད་པ་ཡི་སྒོ་ནས་འབྱུང་བར་འགྱུར་བའི་ཕན་བདེ་མ་ལུས་པ་མ་རྣམས་ཀུན་ལ་ཕར་འབུལ་ཞིང༌།མ་ཡི་སྟེ་མ་རྒན་རྣམས་ཀྱི་རྒྱུད་ལ་ཡོད་པའི་རྒྱུ་གནོད་པདང་འབྲས་བུ་སྡུག་བསྔལ་ཀུན་གསང་བས་ཏེ་མངོན་ཆུང་གི་སྒོ་ནས་བདག་ལ་ཚུར་ལེན་ནུས་པར་ཤོག
 ཚིགས་བཅད་བརྒྱད་པའི་དོན་ནི། 
དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།། 
རྟོག་པའི་དྲི་མས་མ་སྦགས་ཤིང༌།། 
ཆོས་རྣམས་སྒྱུ་མར་ཤེས་པའི་བློས།། 
ཞེན་མེད་འཆིང་བ་ལས་གྲོལ་ཤོག། 
གོང་དུ་བཤད་པའི་ལག་ལེན་དེ་དག་ཀུན་ཀྱང་འཇིག་རྟེན་ཆོས་བརྒྱད་ཀྱི་རྟོག་པའི་དྲི་མས་མ་སྦགས་ཤིང་ཕྱི་ནང་གི་ཆོས་རྣམས་ཀུན་བརྫུན་པ་སྒྱུ་མ་ལྟ་བུར་ཤེས་པ་བློས་གང་ལའང་བདེན་པར་ཞེན་པ་མེད་ཅིང་མཚན་མར་འཛིན་པའི་འཆིང་བ་ལས་གྲོལ་ཤོག།   ཅེས་པའོ།།
From Gelukpa Website: http://www.tb1025.cn/dn/luojiang/2017-05-09/1870.html